R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༦བ-༤༤༢
[A:༡༢༦བ-༤༤༢] ཐིམ་པར་འགྱུར། སེམས་ནི་སེམས་ལས་བྱུང་ལ་ཐིམ། །སེམས་ལས་བྱུང་བ་མ་རིག་པར། །དེ་ནི་འོད་གསལ་བར་འདྲེའོ། །སྲིད་པ་གསུམ་པོ་འདི་ལྟར་འགག། ཅེས་དང། རིམ་ལྔ་ལས། ཇི་ལྟར་དྭངས་པའི་ཆུ་ཀློང་ལས། །ཉ་དག་མྱུར་དུ་ལྡང་བར་འགྱུར། །དེ་དོན་སྟོང་པ་འོད་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། གལ་ཏེ་སྐལ་བ་དམན་པས་མཆོག་མ་ཐོབ་ནའང། རིག་པ་འཛིན་པའི་གོ་འཕང་ཐོབ་པར་འགྱུར་ཏེ། འཇམ་དཔལ་ཞལ་ལུང་ལས། གལ་ཏེ་སྐུ་གསུམ་མ་ཐོབ་ན། རིག་པ་འཛིན་པའི་གཙོར་འགྱུར་ཏེ། རིམ་གྱིས་ཕྱག་རྒྱ་ཆེན་པོར་འགྱུར། ཞེས་གསུངས་པ་ལྟར་འགྱུར་ཞིང། དེ་བཞིན་དུ་ལམ་ལོག་པ་ལ་ཞུགས་པ་རྣམས་ཀྱིས་རང་རྒྱུད་ལ་ཡེ་གདོད་མ་ནས་བཞུགས་པའི་བདེ་བར་གཤེགས་པའི་སྙིང་པོ་མངོན་དུ་གྱུར་པ་མི་ཤེས་པར་རང་སེམས་འཁྲུལ་བའི་སྣང་བར་གཟུང་ཞིང། ཆགས་སྡང་གི་འཛིན་པ་ལ་བརྟེན་ནས་སླར་ཡང་སྲིད་པ་སྒྲུབ་པ་ཡིན་ཏེ། བསྡུས་རྒྱུད་ལས། སེམས་ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་གིས་བྱས་པའི་ཉམས་མྱོང་མི་ཟད་རྣམས་ལ་མི་ཟད་པ། གང་གིས་ལས་གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་དུ་དེ་ཡི་འབྲས་བུ་དེ་བསྐྱེད་པ། འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་བསྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། ཞེས་པ་དང་།