R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༠བ-༤༥༠
[A:༡༣༠བ-༤༥༠] བས། དེ་དུས་བདག་རང་གི་ཉམས་ལའང་འདི་སྔར་གྱི་དཔེ་ཆ་མ་རྙེད་པ་དེ་ཀ་ཡིན་པ་འདུག་བསམ་པ་བྱུང་ཞིང། དེ་ཕྱིན་ཆད་རྨི་ལམ་དེ་ཡང་མ་བྱུང་བས། བླུན་དད་ཙམ་ལ་སྐྱེ་བ་སྔ་མ་ཞིག་ཀུན་མཁྱེན་ཇོ་ནང་པའི་ཞབས་ལ་ཐུག་པ་ཅིག་ཡིན་པ་འདྲ་བསམ་པ་ཡོད། གཞན་མ་འཁོར་བ་སྡུག་བསྔལ་གྱི་རྒྱལ་མཚོ་ཆེན་པོ་འདི་རྒྱ་ཆེ་གཏིང་ཟབ་པས་གང་ནས་གང་དུ་སྐྱེས་ཀྱི་ངེས་པ་ཞུ་རྒྱུ་ཅི་ཡོད་ལགས་ཤེས་ཞེས་ཞུ་བ་གནང། ཡང་སྐུ་མདུན་ཉིད་ཕྱི་མ་ཞིང་གང་འདྲར་སྐུ་སྐྱེ་བ་བཞེས་ནས་གདུལ་བྱ་ཇི་འདྲ་བའི་དོན་མཛད་པའི་དགོངས་པ་དང་སྨོན་ལམ་ཇི་ལྟ་བུ་གནང་གི་ཡོད་ལགས་གསུང་བ་ལ། བདག་སྐྱེ་བ་ཕྱི་མ་ཤམྦྷ་ལ་ལྟ་བུར་སྐྱེས་ན། ས་བཅུ་པའི་རིགས་ལྡན་ལ་ཟབ་མོའི་གདམས་པ་དངོས་སུ་ནོད་ཆོག་པས། དེ་ལྟ་བུ་ལ་མོས་པ་ནི་ཡོད། འོན་ཀྱང་སྨོན་ལམ་བསྟན་པ་དང་སེམས་ཅན་གྱི་དོན་དུ་འགྱུར་བའི་ཆེད་རང་དུ་འདེབས་ཀྱིན་ཡོད། འོན་ཀྱང་འཁོར་བ་སྡུལ་བསྔལ་གྱི་རྒྱ་མཚོ་འདི་རྒྱ་ཆེ་གཏིང་ཟབ་པས་གར་སྐྱེའི་རང་དབང་ཅི་ཡོད་ལགས་པས་ཐུགས་རྗེའི་སྐྱབས་འོག་ཏུ་ཆུད་པ་ཞུ་ཞེས་ཞུས། ཡང་སྐུ་དྲུང་ཉིད་ཀྱིས་སྐུ་སྐྱེ་བ་འདི་ཡི་དམ་གྱི་ལྷ་གང་འདྲའི་ཞལ་གཟིགས། རིགས་ལྡན་གང་འདྲ་དང་མཇལ་ནས་གདམས་པ་ཅི་འདྲ་བ་གསན་གསལ་བར་བཀའ་གནང་དགོས་ལགས་