R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༠ན-༤༤༩
[A:༡༣༠ན-༤༤༩] ༄༅། །མཁྱེན་པས། དེ་རྣམས་ཇི་ལྟར་བཀའ་སྩལ་བ་བཞིན་ངེས་པར་འདུག། ལམ་ཉམས་སུ་ལེན་པ་ལ་ངོ་སྤྲོད་ཀྱི་གནད་འདི་རང་གལ་ཆེ་བ་ཞིག་འདུག་སྟེ། ད་ལྟའི་སྒོམ་ཆེན་ཕལ་ཆེ་བ་རྣམས་ལ་ཉམས་རྟོགས་ལེགས་པར་སྐྱེས་ཀྱང། དེ་ཇི་ལྟ་བ་བཞིན་ངོ་སྤྲོད་པའི་བླ་མར་དཀོན་ཞིང། ངོ་འཕྲོད་པའང་དཀའ་གསུང། ཡང་ཐམས་ཅད་མཁྱེན་པས། མཁྱེན་བཞིན་དུ་དགོས་པ་བླ་ན་མེད་པ་ལ་དགོངས་ནས། རྗེ་དྲུང་དུ་། སྐུ་མདུན་ཉིད་སྐུ་སྐྱེས་བ་སྔ་མ་གང་འདྲ་བར་བཞེས། འགྲོ་དོན་འཕྲིན་ལས་ཇི་ལྟ་བུ་བསྐྱངས། སྔོན་གྱི་གནས་རྗེས་སུ་དྲན་པའི་བཀའ་གནང་རྒྱུ་ཇི་ལྟར་ཡོད་གསུང་བ་ལ། བདག་བྱིས་པའི་དུས་ནས་རྨི་ལམ་དུ། ཆོས་ཀྱི་རྗེ་ཇོ་མོ་ནང་པའི་གསུང་བདེ་བར་གཤེགས་པའི་གསུང་རབ་རྣམས་ཀྱི་གནད་བསྡུས་པ་ཞིག་གི་དཔེ་ཆ་མདའ་ཚད་ལྕགས་སྨྱིག་གིས་བྲིས་པ་ཅིག་ཡོད་པ་དཔེ་ཆ་མང་པོའི་གསེབ་ནས་འཚོལ་ཞིང། མ་རྙེད་པའི་ངང་ནས་གཉིད་སད་པའི་ཚེ་ཡང། ཡུན་རིང་པོར་དེ་ཀའི་བག་ཆགས་ཀྱི་དབང་དུ་འགྲོ་ཞིང། སླར་ཚེ་འདིའི་སྣང་བ་འཆར་ཕྱི་མོ་ཚུན་ཡོད་པ། ཕྱིས་ཆོས་རྗེ་མཁས་པའི་དབང་པོ་ཆོས་རྗེ་ཀུན་མཁྱེན་ཆེན་པོས་མཛད་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཡུམ་གྱི་མདོ་དང་སྦྱར་བ་དེ་གནང་བྱུང་