R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༦ན-༤༦༡
[A:༡༣༦ན-༤༦༡] ༄༅། །ཕེབས་པ་ལ། བདག་ཅག་སྙིང་ཐོན་འགྲོ་བ་ལྟ་བུའི་དངས་སྐྲག་གིས། བཞིན་མིག་ཆུས་སྦགས་བཞིན་པས་རྗེ་ཉིད་ཐམས་ཅད་མཁྱེན་པའི་དྲུང་གིས་དབང་ཐོབ་པའི་སེམས་དཔར་ལུང་བསྟན་ན། སྐུ་སྐྱེ་འཆི་མ་རང་དབང་འབྱོར་བས་ཡུན་རིང་པོའི་བར་དུ་ཞབས་པད་བརྟན་པའི་ཐུགས་འདུན་དང། ཁྱད་པར་ཡར་རྒྱབ་དུ་མ་ཕེབས་བར་ཐུགས་བསུན་སྐྱུང་བ་གནང་ན། ཡུམ་སྲས་དྲུང་དུ་བཀའ་བཞེས་གནང་བ་མཐའ་མ་བཙན་པར་འགྲོ་བ་དང། ཚོགས་ཀྱི་གདན་ས་ཡང་རྗེ་ཉིད་ཀྱི་བསྐོ་བ་ཞིག་མ་གནང་ན། དགེ་འདུན་གྱི་སྡེ་ཡང་འཇིགས་ལ་ཐུག་སྟེ། བསྟན་པ་ཡང་ཐུགས་ཀྱིས་བཏང་བར་འགྱུར་ཞིང། ངེད་ཞབས་ཕྱི་བ་རྣམས་ཀྱང། ཉང་ལོང་གི་ཡུལ་གཤིན་རྗེའི་ཕྲང་འདྲ་བ་ལ། གླེན་ཞིང་གཏི་མུག་པའི་རང་བཞིན་ཅན་གྱི་རང་བཞིན་ཅན་གྱི་སྐྱེ་བོ་སྙིང་རྗེ་དང་བྲལ་བ་འདི་རྣམས་ཞག་ཅིག་གི་སར་ཡང་བདེ་བར་མི་གཏོང་བས་དེ་དག་ལ་དགོངས་ནས་ཐུགས་མདུན་བསྲིང་བ་ཅི་ནས་ཀྱང་བཀའ་དྲིན་ཀྱང་བསྐྱང་དགོས་ཞུས་པའི་ཚེ། ངེད་ཀྱིས་ཀརྨ་པའི་བསྙེན་རྫོགས་གྲུབ་ཕྱིན་ཆད་ཚེ་འདིའི་འཕེན་པ་བཏང་ཚར་བ་ཡིན་ཏེ། འོན་ཀྱང་ཁྱོད་ཟེར་བ་དེ་རྣམས་བདེན་པ་ཙམ་འདུག་པས། ད་དུང་དཀོན་མཆོག་ལ་གསོལ་བ་བཏབ། དར་ཅིག་མདུན་པ་བསྲིང་བ་དེ་ཀ་བྱེད་པ་ཡིན་ནོ་གསུང། དེ་ནས་རིན་པས་ཕེབས། འཛིམ་པ་དཀར་དུ་ཀོང་པོའི་ལ་པ་