[A:༡༣༦བ-༤༦༢] རྣམས་ཕྱིར་ལོག་པ་དང་མཇལ། འབུལ་བ་བསམ་གྱིས་མི་ཁྱབ་པ་དང། ཕྱག་ཕྱིར་ཡོད་པ་ཚོང་བདེ་འདོད་པ་རྣམས་ལའང་བཞི་འགྱུར་ཙམ་གྱི་ཁེ་བདེ་ཐོབ། དེ་ནས་རིམ་གྱིས་སྐམ་ཧྲང་དུ་ཕེབས། དེའི་སང་ཉིན་བ་རྒྱུ་རྣམ་ཚལ་དང་ཉེ་བའི་ས་ཞིག་ཏུ་ཐག་རིང་པོ་མེད་ནའང་ད་རིང་འདི་ཁར་གདོད་དགོས་འདུག་གསུང་དེར་བཞུགས། དེའི་ཉིན་ཉང་ཆུ་ལ་སྐམ་ཟམ་ཞིག་ལ་ཕེབས་དགོས་བྱུང་བས་ཁལ་རྣམས་དབོར་བསྐྱེད་སྐྱེལ་བྱས། སེམས་ཅན་རྣམས་ཆུ་ལ་བསྒྲལ་ནའང། སྒྲོམ་མཁར་ནས་ཀྱི་གཟིམས་དྲེལ་དེ་ཁལ་དང་བཅས་པ་ཟམ་སྟོང་ལ་ཡིད་ལ་མེད་དུ་སོང་བ་ན། ཟམ་པ་འཁྲོམ་ཏེ་དྲེའུའི་ཡན་ལག་རྣམས་ཟམ་ཤིང་བར་དུ་ཆུད། ཟམ་པ་ཞིག་འགྲོ་བ་ལ་ཐུག་པའི་ཚེ། རྗེ་ཉིད་ཀྱིས་ཚངས་པའི་དབྱངས་ལྟར་སྙན་པའི་གསུང་དེས། ན་མོ་སངས་རྒྱས་རྟག་ཅིང་བརྟན་པའི་བདེན་པ་དང། དམ་ཆོས་ཡང་དག་བདེན་པའི་བདེན་པ་དང། དགེ་འདུན་མི་བསླུ་བའི་བདེན་པ་དང། ཀུན་རྫོབ་ལས་འབྲས་བསླུ་བ་མེད་པའི་བདེན་པ་དང། དོན་དམ་ཆོས་དབྱིངས་འགྱུར་བ་མེད་པའི་བདེན་པ་དང། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དྲེའུ་འདི་ཉིད་མ་རྨས་མ་གནད་པར་བདེ་བར་ཐོན་པར་གྱུར་ཅིག་ཅེས་བདེན་སྟོབས་བརྗོད་པ་ཙམ་གྱིས་ཡན་ལག་རྣམས་རང་ཐོན་ཏེ། ཐང་བདེ་མོ་ལ་ཤར་མར་འགྲོ་བ་བཞིན་བྱུང། དེ་ནས་གནས་དེར་བཞུགས་པའི་ཚེ། འདུལ་བ་འཛིན་པ་ཆེན་པོ་