R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༧བ-༤༦༤
[A:༡༣༧བ-༤༦༤] ཕེབས་པའི་ཕྱོགས་ལས་ཟློག་པ་ལུང་པའི་མདོའི་ཕྱོགས་ལ་དེད། དེ་ནས་དཔོན་སློབ་རྣམས་ལྕགས་མཁར་དུ་ཕེབས་པའི་ཚེ། ད་མེ་དེ་ཇི་ལྟར་འདུག་གསུང་བ་ལ། ལུང་པ་ཐམས་ཅད་མེར་སོང་བའི་རྣམ་པ་ལྟ་བུར་འདུག་ཞུས་པའི་མོད། གཟིམས་སྒར་གྱི་ཉེ་སྐོར་དུ་ཤིང་ཕུང་ཆེ་བ་ཅིག་ལ་མེ་ཆེར་འབར་བར་གྱུར་བ་ན། འོ་དེ་རིང་གི་དེ་བསམས་ན་ལམ་གཏོར་རེ་བྱེད་ཀྱིན་ཡོད་པ་དེ་ད་ནང་མ་བཤམས་པའི་ཕྲག་དོག་ཏུ་འདུག་པས། ཆོས་རྗེ་མོན་གདོང་པས་ད་ལྟ་གཏོར་མ་བཤོམས་གསུང་བ་བཞིན་གཏོར་བ་གནང་ཏེ་བདེན་སྟོབས་བརྗོད་པ་ཙམ་གྱིས་མེ་དེ་ཉིད་སྐད་ཅིག་གིས་རང་ཞི་བས་ཀུན་ངོ་མཚར་ཞིང་དད་པར་གྱུར། དེ་ནས་རིམ་གྱིས་ནེ་གད་དུ་ཕེབས་པའི་ཚེ། དེ་རིང་སང་གཉིས་འདི་ཁར་སྡོད། ཆོས་སྐྱོང་འདིའང་ཡུས་ཆེ་བར་འདུག་པས། ཁྱེད་རྣམས་ཀྱིས་བསྐང་གསོ་ཞིག་ཀྱང་ཐོང་། འདི་ཚོ་ཀུན་རྫོབ་ཏུ་ཟང་ཟིང་མང་པོ་ལ་བརྩི་བ་ཅིག་ཡིན་འདུག་གསུང་བ་བཞིན། བསྐང་གསོ་རྒྱས་པ་མཛད་ཅིང་ཞག་གཉིས་བཞུགས། དེ་ནས་བཏེག་འབྲུམ་ངུའི་ནག་འུབ་ཤིན་ཏུ་སྤྲོ་བ་ཞིག་ཏུ་བཞུགས་པའི་ཚེ། དེར་གསོལ་ཇའི་སྡོར་མར་གསར་རྣམས་ལྷག་མ་མེད་པར་ཟད་པས། གསོལ་ཇ་བསྐོལ་མི་ཐུབ་པ་ལ་ཐུགས་ཐག་ཆོད་པའི་ཚེ། འབྲོག་པའི་རྫིའུ་བརྫིའུ་ཡིན་ཟེར་བའི་ཁྱེའུ་གཞོན་ནུ་གཉིས་བྱུང་ཏེ། མི་རེས་མར་གསར་ཞོ་པ་ལྔ་