[A:༡༣༨བ-༤༦༦] ༄༅། །འདི་མཁོ་བར་འདུག། ངེད་ཀྱིས་གཟུངས་ཐོབས་ཨེ་ཡིན་མི་ཤེས་ཏེ། དགོས་གལ་ཆེ་བ་བྱུང་ན་གསུང་རབ་ཀྱི་ཚིག་ཇི་ཙམ་འདོད་པ་རྣམས་ལན་རེས་ཟིན་པ་ཙམ་ཅིག་ཡོད་པ་ཡིན་གསུང། དེ་ནས་སང་འབྲུམ་ངུའི་ལ་ཙའི་བྲག་ཕུག་ཆེན་པོ་ཞིག་ཡོད་པའི་སར་ཕེབས། དེ་ནུབ་ཀྱང་མནལ་གཏན་མ་བྱུང་བས། དེའི་ཚེ་བདག་གིས། ཐམས་ཅད་མཁྱེན་པ་ཀརྨ་པས་རྗེ་ཉིད་འཕགས་པའི་གནས་བརྟན་སྒྲ་གཅན་འཛིན་གྱི་སྤྲུལ་པ་དང། རྗེ་ཞ་ལུ་ལོ་ཙཱ་བ་འཕགས་པའི་གནས་བརྟན་ཡན་ལག་འབྱུང་གི་སྤྲུལ་པར་ལུང་བསྟན་ཞེས་གྲགས་ན། དེ་ཁ་བཞིན་འདོན་ལགས་སམ་ཞེས་ཞུས་པས། ཁྱོད་ཀྱིས་དེ་ལྟ་བུ་སུ་ལས་ཐོས་པ་ཡིན་ཕེབས་པ་ལ། བདག་སྔར་དབུས་གཙང་དུ་ཡོད་པའི་ཚེ། ཆོས་རྗེ་ཆམ་དགོན་པའི་གསུང་ལས། ཁོང་གིས་གཟིམས་གུར་འབུལ་བར་བྱོན་དུས། རྒྱལ་བའི་དབང་པོའི་དྲུང་དུ། བདག་དབུས་གཙང་དུ་བཤེས་གཉེན་དམ་པ་གང་འདྲ་ལ་བསྟེན་ན་ལེགས་སམ་ཞེས་ཞུས་པའི་ཚེ། བཤེས་གཉེན་དམ་པ་མང་དུ་བཞུགས་མོད། དེ་དག་གི་ནང་ནས་དགེ་འདུན་སྒང་པའི་མཁན་ཆེན་རིན་པོ་ཆེ་འཕགས་པའི་གནས་བརྟན་སྒྲ་གཅན་འཛིན་གྱི་སྤྲུལ་པ་ཡིན། ཁོང་དང་ངེད་གཉིས་མཇལ་བའི་བརྟེན་འབྲེལ་ཡང་ཡོད། ངེད་ཀྱི་བསྙེན་པར་རྫོགས་པ་ཁོང་ལ་ཞུ་བའི་འདུན་པ་ཡིན། ཁྱེད་དང་ཁོང་གཉིས་ལ་སྐྱེ་བ་འདིར་འབྲེལ་བ་མེད། ཞ་ལུ་ལོ་ཙ་བ་འཕགས་པའི་གནས་བརྟན་ཡན་