R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༠ན-༤༦༩
[A:༡༤༠ན-༤༦༩] ༄༅། །མཉེས་པར་བྱས། དེར་འདུས་ཀྱི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱང་སྐུ་དང་གསུང་དང་ཐུགས་ཀྱི་འབྲེལ་བ་བཟང་པོ་སྣ་ཚོགས་ལ་བཀོད། ཇོ་བོ་ཤཱཀྱ་མུ་ནེའི་དྲུང་དུ། བསྟན་པ་སྤྱི་དང་བྱེ་བྲག་འགྲོ་བ་སེམས་ཅན་དང་བཅས་པའི་དོན་རྒྱ་ཆེན་པོ་འགྲུབ་པའི་སྨོན་ལམ་ཡང་དགོངས་པ་གྲུབ་པ་གནང་ངོ་། ། དེ་ནས་རིམ་པར་བརྒྱུད་དེ། གཞིས་ཁ་ཆེན་པོ་བཀྲ་ཤིས་རྣམ་རྒྱལ་ནས། དཔལ་ཕྱོགས་ཀྱི་ཐ་གྲུ་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང། མཆོག་ཏུ་གཉེན་བཤིན་པའི་ཐུགས་ཀྱི་འཁོར་ཡུག་དང་བཅས་པའི་ས་ཆེན་པོ་མཐའ་དག་ཆོས་བཞིན་དུ་སྐྱོང་བའི་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་དབང་མོ་དཔོན་ས་རིན་པོ་ཆེ་ཕུན་ཚོགས་བཀྲ་ཤིས་དབང་མོ་ཡུམ་སྲས་དྲུང་གིས། རྗེ་དཔོན་སློབ་རྣམས་ཀོང་ཡུལ་གྱིས་བགྲོད་དཀའ་ཞིང་ཐག་རིང་བའི་ལམ་བར་ལ་སྐུ་མ་ནོངས་ཤིང་ཉེ་ཞོ་མེད་པར། ཕྲིན་ལས་ཀྱི་ཟླ་བ་དཀར་པོ་བདུད་སྡེའི་མུན་པ་མཐའ་དག་དང་བྲལ་ཞིང་དགེ་ལེགས་ཀྱི་ཆ་ཤས་རབ་ཏུ་གང་ཞིང་བགྲོད་པ་བཟང་པོས་ཕྱོགས་ཐམས་ཅད་ལན་བརྒྱ་ཕྲག་མང་པོ་བརྒལ་བའི་སྙན་གྲགས་ཀྱི་སྣང་བ་གྲངས་མེད་པ་སྤྲོ་ཞིང་དཔལ་ཡོན་དང་བཅས་མྱུར་བར་ཕེབས་པ་ལ་ཚིག་ཙམ་དུ་མ་མཆེལ་བའི་གུས་སྤྲོ་མཐར་ཕྱིན་པའི་ཐུགས་ཆུ་ཤེལ་ལྟར་དཀར་ཞིང་བཻདུརྱ་ལྟར་དྲི་མས་དབེན་ལ་གཙོ་མའི་གསེར་ལྟར་འགྱུར་བ་མེད་པའི་རིན་ཆེན་རྣམ་པར་