R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༠བ-༤༧༠
[A:༡༤༠བ-༤༧༠] དག་པས་ཀུན་ནས་བླངས་ཏེ། ཕྱོགས་དུ་མི་མཉམ་ལེགས་བྱས་ཀྱི་ཡོན་ཏན་གྲངས་མེད་པས་མངོན་བར་འབྱོར་བའི་ལྷ། དཔལ་ས་སྐྱོང་བའི་དབང་པོ་ཀུན་དགའ་བསོད་ནམས་རྒྱལ་པོ་སྐུ་མཆེད་དྲུང་གི་ཞབས་ཕྱིར་དྲུང་སྐོར་གྱི་ཚོགས་ཀྱི་ཡོངས་སུ་བསྐོར་བའི་ཆིབས་ཧྲགས་ཀྱིས་བསྐོར་བ། ལྷའི་དབང་པོ་ཡོངས་འདུའི་ཚལ་དུ་མངོན་པར་རྒྱུ་བ་ལས་ཆེས་ལྷག་པའི་བརྟན་གཡོའི་བཅུད་འཕྲོག་པ་ལྟར་བཅས་ཏེ། ཕོ་བྲང་ཆེན་པོ་ནས་རྒྱང་གྲགས་ཀྱི་སའི་བར་ནས་སྤྱན་དྲངས་ཤིང་དེ་དག་གི་ལམ་བར་ཡང། ཚོགས་སྡེ་ཆེན་པོ་ལ་སོགས་པ་སྡེ་ཡར་མར་གྱི་བདེ་བའི་བཤེས་གཉེན་རྣམས་ཀྱིས་གདུགས་རྒྱལ་མཚན་རོལ་མོ་ལ་སོགས་པ་མཆོད་སྤྲིན་སྣ་ཚོགས་པ་དང་བཅས་པའི་སེར་སྦྲེངས་དང། སྐྱེ་བོའི་ཚོགས་བགྲང་བ་ལས་འདས་པས་གླུ་གར་ལ་སོགས་པ། མདོར་ན་དེ་བཞིན་གཤེགས་པ་ལྷ་ལས་བབས་པའི་བཀོད་པས་ཀྱང་མི་མཚོན་པ་ལྟ་བུའི་བཀོད་པ་ཆེན་པོ་སྤྱན་དྲངས་ཏེ། ས་ཕོ་བྱི་བ་ལོ་ཧོར་ཟླ་བ་དང་པོའི་ཚེས་བཅུ་བདུན་ལ་ཕོ་བྲང་ཆེན་པོར། མིའི་དབང་པོའི་ལོ་དུས་ཀྱི་མཆོད་འབུལ་ཆེན་མོའི་སྟེང་དུ་ཕྱགས་ཕེབས་ཤིང། དེ་ཉིན་ནས་གཟུང་ཏེ། ཞག་མང་པོའི་བར་དུ་མཆོད་ཡོན་མཇལ་བའི་དགྱེས་སྤྲོ་བསམ་གྱིས་མི་ཁྱབ་པ། དཔལ་རྣམ་མང་ཐོས་པའི་སྲས་པོའི་བང་མཛོད་ལ་དབང་བསྒྱུར་བ་ལྟ་བུའི་དཔལ་འབྱོར་ལ་ཅི་དགར་ལོངས་སྤྱོད་པ་ཉིད་དོ།། དེ་ནས་