R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༩བ-༤༦༨
[A:༡༣༩བ-༤༦༨] ཅུང་ཟད་ཙམ་ཡང་སྐུ་ངལ་བའི་རྣམ་པ་མེད་པར་སྐུའི་གཟི་མདངས་ཤིན་ཏུ་བཟང་ཞིང་ཟིལ་པ་ཕྲོམ་མེ་བར་མཛད་དེ། དེ་རིང་ལས་ཁམས་དངས་ཤིང་སྤྲོ་བ་མ་བྱུང། ན་སོ་རྒས་ཀྱང་ཁྱེད་གཞོན་པ་ཚོ་དང་ཅུང་མ་འདྲ་གསུང་ཞལ་བཀྱལ་ཡང་གནང། དེའི་ཚེ་ཐམས་ཅད་ངོ་མཚར་བ་དེས་ངལ་སོས་པ་ལྟ་བུ་བྱུང། དེ་ནུབ་མོ་སྟོང་དེར་བཞུགས་པའི་ཚེ་ལོང་པོའི་བྱག་པ་མང་པོས་རྗེས་འཚག་བྱས། ཕྱགས་ཕྱིར་བསྙེགས་འདུག་ནའང་དཔོན་སློབ་ཀྱི་སྒར་མཐའ་བསུ་མིའི་དམག་གིས་བསྐོར་བའི་ཉམས་ཤར་ནས། སྟོང་སྟབས་ཀྱིས་ཤིན་ཏུ་ཐག་རིང་སར་བྲོས་ཞེས་ཀྱང་གྲགས་སོ། དེ་ནས་ཧོར་ཟླ་བཅུ་གཉིས་པའི་གནམ་གང་ལ། དཔལ་འབྲི་ཁུང་སེ་བའི་གླིང་དུ་ཕེབས། རྒྱལ་བ་འཇིག་རྟེན་གསུམ་གྱི་མགོན་པོའི་དབོན་རིན་པོ་ཆེ་དཔོན་སློབ་ཀྱིས། འཆི་མེད་བདག་པོའི་དཔལ་འབྱོར་གྱིས་ཀྱང་རྔོ་མི་ཐོགས་པའི་བརྙེད་བཀུར་ཕུན་སུམ་ཚོགས་པས་མཆོད་ཅིང་ཞག་ལྔའི་བར་བཞུགས་གསུང་གི་བདུད་རྩི་ཟབ་མོས་ཀྱང་ཚིམས་པར་མཛད། དེ་ནས་རིམ་པས་ཕག་མོ་བ། བྱི་རུ་སྟག་རྩེ་ལ། བྲག་དཀར་བཀྲ་ཤིས་ལྗོངས་ཞབས་དྲུང་ནས་སོགས་ཐམས་ཅད་ཀྱིས་ཞབས་ཏོག་ཞུ་བ་གནང། གཞིས་ཁ་སྣེའུ་རྫོང་ནས་དཔོན་དྲུང་གིས་ཀྱང་རག་མདའི་བར་དུ་གདན་འདྲེན་ལ་ཕེབས་ཏེ། ཚེས་བཅུ་གཅིག་ལ་རྒྱལ་བ་མངོན་སུམ་དུ་བཞུགས་པའི་གནས་དམ་པ་ལྷ་སར་ཕེབས། དཔོན་སློབ་ཐམས་ཅད་ལྷའི་ལོངས་སྤྱོད་ལྟ་ན་སྡུག་པས།