R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༡བ-༤༧༢
[A:༡༤༡བ-༤༧༢] བ་ཡིན་པས་ཨར་དགེར་སླེབས་ཙམ་གྱིས་སོ། །ནག་ཉའི་བསྒྲུབ་མཆོད་འདི་དང་སྒོ་བཏུན་བསྟུན། ཚེའི་འཕེན་པ་གཏོང་བའི་འདུན་པ་ཡིན་ནའང། ད་རེས་འཕྱོང་རྒྱས་ཀྱི་གནས་ཚུལ་དེས། སྤྱིར་ཡང་དཔོན་ས་ཚོར་ཐུགས་གཟེར་དང། ཁྱད་པར་ཡུམ་སྲས་སྒེར་གྱི་ཐུགས་འདྲེ་བ་ཞིག་ཀྱང་ཡིན་འདུག་པས། འདི་ལྟ་བུའི་སྐབས་སུ་ངེད་རང་གིས་ཀྱང་ཚེའི་མདུན་པ་བཏང་ན་ཐུགས་གཡེང་གི་རྒྱུད་འགྲོ་བས་རེ་ཞིག་བློ་འདུན་བསྲིང་བ་དང། ཡུམ་གྱི་དགོངས་པ་རྫོགས་ཐབས་ཀྱང་དཔྱིས་ཕྱིན་པ་བྱེད་པ་ཡོད་ཞུས། ཡང་ཁྱོད་ཀྱི་སེམས་ལ་གཏམ་དེ་དག་ལ་ངེས་པ་ཅི་ཡང་མེད་སྙམ་ན་དེ་ལྟར་ཡིད་གཉིས་སུ་བགྱིད་མི་དགོས། ངེད་ཀོང་པོ་ལ་འགྲོ་དུས་ཀྱང་ཁོང་ཡུམ་སྲས་ལ་ཕྱིར་འཁོར་ནས་མཇལ་ཐུབ་པའི་ཁས་ལེན་ཕུལ་བ་ཡང་གདེངས་ཐུབ་པ་བྱས། དེ་ཁ་བཞིན་དར་ཅིག་སྡོད་པ་ཁས་བླངས་པ་སོས་ཐེག་པ་ཙམ་བྱེད་པས་ཐེ་ཚོམ་མི་འཚལ་གསུང་བ་ལ། སླར་དབོན་པོ་ལགས་ཀྱིས། ད་ལྟའི་སྐབས་འདིར་དཔོན་ས་ཞལ་ངོ་རྣམས་ཀྱང་གནང་དཀའ་བའི་གཤིས་སུ་འདུག་པས་ཞག་བར་གྱི་བཀའ་ཕེབས་ན་མི་ཡོང་ལགས་དུས་ལོ་ཤས་ཞབས་བརྟན་པ་ཅིག་གི་ཐུགས་འདུན་ལེགས་པར་གནང་བ་ཐུགས་རྗེ་ཆེ་དགོས་ཞེས་གསོལ་བ་ལེགས་པར་བཏབ་པའི་ཚེ། དབོན་པོ་བ་ཁྱེད་ཀྱི་གསུང་ལུགས་དེ་ལེགས་པོ་ཡིན་ཏེ། འོན་ཀྱང་ལོ་ཙམ་སྡོད་པའི་འདུན་པ་བཏང་ཟིན། ཟླ་