R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༡ན-༤༧༡
[A:༡༤༡ན-༤༧༡] ༄༅། །རིམ་གྱིས་དོལ་བཀྲ་ཤིས་དཔལ་ཁང་དུ་ཞག་ཅིག་བཞུགས། དེར་ཉན་ཁང་འཚོ་མཛད་པ་ཞེས་བྱ་བས་ཕྱག་རྩ་ཞུས་པ་ན། དྲང་སྲོང་རྣམས་ཀྱི་དཔྱད་ལས་ལེགས་པར་གསུངས་པ་ལྟར་ན་ནི། བདག་ཉིད་ཆེན་པོ་འདི་ཉིད་ཞིང་འདིའི་གདུལ་བྱ་རྣམས་ལ་ཐུགས་རྗེའི་གཟིགས་པ་མྱུར་དུ་གཏོང་བར་འགྱུར་རོ་ཞེས་ཐེ་ཚོམ་མེད་པའི་གཏམ་དུ་བསྒྲགས། དེ་ནས་རྒྱལ་ཆེན་གླིང་དུ་མཆོད་ཡོན་ལྷན་ཅིག་ཏུ་ཕེབས། ཞག་གསུམ་སྦྲེལ་དུ་བཞུགས་པའི་ཚེ། འཕྱོང་རྒྱས་སུ་དཔོན་ས་མིའི་དབང་མོ་བསོད་ནམས་དཔལ་མོ་སྐུ་ཚེ་མ་བརྟན་པའི་བསྔོ་ཞུས། མཚན་ནས་སྨོས་པའི་ཐུགས་དམ་སྐྱབས་སུ་ཆུག་པའི་ཞུ་ཡིག་དང་། དེས་མཐུན་དཔོན་ས་རིན་པོ་ཆེའི་དྲུང་གིས་ཀྱང་སྒེར་གྱི་ཐུགས་དམ་སྐྱབས་འོག་འབུལ་བར་དབོན་པོ་ལགས་བསོད་དབང་པ་གནང། དེའི་ཚེ་དབོན་སློབ་ལགས་བསོད་དབང་པ་ལ་བཀའ་སྩལ་བ་འདི་བཞིན་གནང་ཏེ། ངེད་རང་ལོ་དོན་གཉིས་དོན་གསུམ་ཙམ་ཞིང་འདིར་འདུག་པའི་ཚད་ཡིན་ནའང། ད་བར་འཚོ་བ་ཀརྨ་པའི་བསྙེན་རྫོགས་ཀྱི་སྒུག་སྡོད་ཡིན། ད་ཤོལ་དང་བཅས་ན་ལོ་ཡང་བརྒྱད་བཅུ་ལ་འཛོགས། ཀརྨ་པའི་བསྙེན་རྫོགས་གྲུབ་ཕྱིན་ཆད་འཁོར་ནས་ཡུམ་སྲས་དྲུང་དང་མཇལ། ཚོགས་པ་རྣམས་ཀྱི་གདན་པ་འདི་ཡང་བསྐོས། དེ་ཙམ་ནས་ཨརྒེ་ངེད་རང་ལ་ཚེ་འཕོ་བའི་གནས་སུ་མི་དབང་ཆེན་པོས་གནང་