R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༣ན-༤༧༥
[A:༡༤༣ན-༤༧༥] ༄༅། །ང་བ་དང་བག་ཚ་མེད་པར་རིངས་པ་རིངས་པར་སེམས་དཔའ་ཆེན་པོའི་དྲུང་དུ་བསྙེགས་ཏེ་མཐའ་ཡས་པའི་གདུལ་བྱ་རྣམས་ཀྱི་དོན་དུ་ཞབས་ཀྱི་པདྨོ་ཡུན་རིང་དུ་བརྟན་པར་བཞུགས་པའི་གསོལ་འདེབས་པའི་ཆེད་དུ། རྗེ་ཉིད་དྲུང་དུ་བཞུག་གདིང་ཞིག་ཕུལ་ཏེ། གདུལ་བྱའི་དོན་དུ་ཞབས་པད་མི་གཡོ་བར་བརྟན་པར་བཞུགས་སུ་གསོལ་བའི་ཚིགས་བཅད་བསྐུལ་བ་ན། བདག་ཉིད་ཆེན་པོ་འདི་ཉིད་གདུལ་བྱ་མཆོག་དམན་གང་གིས་གསོལ་བ་བཏབས་ཀྱང་རང་གིས་རང་ལ་བསྟོད་པ་མི་རིགས་པའི་འཐད་པ་དུ་མ་དང་བཅས་ཏེ་སྐབས་མི་རྙེད་པ་ཡིན་ནའང། དེ་ཉིད་དུ་ནི། ཁོ་བོ་སྔོན་ལས་བསམ་གྱི་མི་ཁྱབ་པའི་མཐུས་ནད་དྲག་པོས་ཀྱང་འཁོར་མོར་བརྫིས། ལང་ཚོའི་དཔལ་རྣམས་ཀྱང་ཕལ་ཆེ་ཡོལ། ཚེའི་སྐལ་པ་རྫོགས་ནས་ཀྱང་རིང་ཞིག་ལོན་ནའང། ད་བར་མ་ཤི་ཙམ་པ་འདི་རྒྱལ་བ་རྣམས་ཀྱི་ཐུགས་རྗེས་ཚེ་འདིའི་དཀར་པོའི་ལས་མཇུག་བསྟན་པའི་བྱ་བ་ཆེན་པོ་ཞིག་བསྒྲུབ་དགོས་པ་ལ་གྲུབ་པའི་མཐུ་ལས་བསྲིངས་པ་ལྟར་སྣང་ཞིང་། ད་ནི་བསྟན་པ་ལ་བགྱི་བར་འོས་པའི་ལས་མཇུག་ཀྱང་མྱུར་དུ་འགྲུབ་པར་སེམས་པས་ཡུན་རིང་བར་ནི་མི་འདུག་པར་ངེས་ནའང། རྣལ་འབྱོར་དབང་ཕྱུག་ཁྱེད་ཉིད་སྐུ་ངོ་ཤིན་ཏུ་ཆེ་བ་དང། མ་འོངས་པ་ན་བསམ་པ་དག་པ་འགའ་ཞིག་གི་དོན་དུ་འགྱུར་བ་ཡང་སྲིད་