R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༢བ-༤༧༤
[A:༡༤༢བ-༤༧༤] ཡིན་ནོ། དྲུག་པ། རྟག་པར་འཛིན་པའི་འགྲོ་བ་རྣམས་ཀྱི་ཞེན་ལྟ་ལྡོག་པའི་སླད་དུ་སྐུའི་བཀོད་པ་རྣམ་པར་གྲོལ་བའི་ལུས་སུ་བསྡུས་ནས་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མངོན་དུ་མཛད་པའི་ཚུལ་ནི། དེ་ལ་བདག་ཉིད་ཆེན་པོ་དེ་ཉིད། ཞིང་འདིའི་གདུལ་བྱ་རྣམས་འདུལ་བའི་བཞེས་ད་རེ་ཞིག་རྫོགས་ནས་མཛད་མཐའ་ལ་མངོན་པར་ཕྱོགས་ཏེ། དུས་མཁྱེན་པར་གསུང་ཞིང་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་ཡོངས་སུ་བསུས་ནས་ཤམྦྷ་ཆོས་ཀྱི་ཕོ་བྲང་ཆེན་པོར་གཤེགས་ཏེ། སླར་ཡང་མཆོག་གི་སྤྲུལ་པས་བྱང་ཆུབ་ཀྱི་སེམས་སྒྲིབ་མེད་ཆེན་པོའི་འཇུག་གནས་ལྡང་གསུམ་མངོན་དུ་གྱུར་བའི་སྒོ་ནས་གདུལ་བྱ་དག་མ་དག་སྣ་ཚོགས་ཡོངས་སུ་འདུལ་བར་མཛད་པའི་སྤྲུལ་བའི་སྐུ་ནམ་མཁའ་ཁྱབ་པར་མཛད་པ་ནི་འདི་ལྟར། དེ་ཡང་། རྗེ་བཙུན་ཆེན་པོ་མྱ་ངན་ལས་འདའ་བར་གྱུར་བའི་ལོ་གཅིག་གི་སྔ་རོལ་མེ་མོ་ཕག་གི་ནག་པའི་དུས་ལ་ཉེ་བའི་ཚེ། རྫམོན་རྩེ་ན་སྒྲུབ་ཆེན་ཤིན་ཏུ་བཟང་བ། ཚེ་དང་བསྒྲུབ་པ་སྙམ་པ། རྟག་ཏུ་དཀའ་ཐུབ་ལ་ཉེ་བར་བསྙེན་པས་སྐུའི་སྟོབས་ལྷག་པར་ཞན་ཞིང་སྤྱན་ཡང་རིམ་པོར་སོང་བ་ཞིག་བཞུགས་པ་དེ་ཉིད་ཀྱིས། འདྲེན་པ་འདི་ཉིད་ཡུན་མི་རིང་བར་དག་པའི་ཞིང་དུ་ཐེགས་པའི་ཚུལ་མཁྱེན་ནས་ལམ་མི་བརྟོལ་བ་སོགས་ཀྱི་འཇིགས་པ་གང་ལའང་ཉམ་