R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༣བ-༤༧༦
[A:༡༤༣བ-༤༧༦] པས། ཇི་ལྟར་གསུང་བ་བཞིན་ཚིགས་སུ་བཅད་པ་སྒྲོ་བཀུར་གྱིས་མ་སླད་པ་ཅིག་བྱེད་ཕེབས་ནས། མཚན་ཉིད་ཀྱི་དོན་ལ་སྦྱར་བ་འདི་བཞིིན་གནང་ཏེ། ཆོས་དབྱིངས་ཟབ་མོའི་ངང་ལས་མ་གཡོས་ཤིང། །རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན། །ཤཱཀྱང་སེང་གེའི་བསྟན་འཛིན་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག། །ཅེས་པ་གནང། འདི་ཉིད་སྒྲོ་བཀུར་གྱིས་མ་བསླད་པ་ཡིན་ཏེ། ཆོས་དབྱིངས་ཟབ་མོའི་ངང་ལས་མ་གཡོས་ཤིང་ཞེས་པའི་དོན། ངེད་ཀྱིས། ཕུང་པོ་ནི་ཅས་སྟོང་པ་ཉིད། ཆུ་ཤིང་བཞིན་དུ་སྙིང་པོ་མེད། ཅེས་པ་ལྟ་བུའི་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་བའི་སྟོང་ཉིད་ཉི་ཚེ་བ་འདི། འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་མ་གྲུབ་པ། མེད་པར་འདོད་པ་ཆད་པའི་སྟོང་པའི་སྟོང་པ་ཉིད་ལྟ་བུ་མ་ཡིན་པར། རྣམ་པར་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་བ་ཡིན། །ཞེས་གསུང་པ་ལྟར། ཆོས་དབྱིངས་འོད་གསལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ལམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རྣལ་འབྱོར་མས་མཉམ་རྗེས་ཐ་དད་དུ་མེད་པ་ཙམ་གྱི་མྱོང་མཐོན་པས་ཆོས་ཀྱི་དབྱིངས་ལས་མ་གཡོས་པར་གྲུབ་ཅིང། རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན་ཞེས་པའང། ཕྱི་རོལ་པ་རྣམ་ཀྱི་གྲུབ་པའི་མཐའ་སོ་སོའི་འདོད་པ་མ་འདྲེས་པར་