R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༨ན-༤༨༥
[A:༡༤༨ན-༤༨༥] ༄༅། །བཟླས་ནས་ན་བ་ལ་བྱུགས་ན་ཕན་པར་འགྱུར་རོ་ཞེས་གསུང་བ་བཞིན་བཏབ་པས་ཕན་པར་བྱུང་གསུང། ཡང་དེའི་ཉིན་ཚ་རྟིང་མའི་ཁར་ཞབས་བསྐོར་འགའ་ཞིག་གནང་བའི་མཐར་སྐུ་ངལ་བསོ་བའི་ཚུལ་དུ་ཁྲིའུ་ཤིང་ཞིག་ལ་སྐུ་ཁེལ་གནང་ནས་ཞལ་གྱི་དཀྱིལ་འཁོར་ནུབ་ཕྱོགས་ལ་ཕྱོགས་ཏེ་བཞུགས་པའི་ཕྱག་ཕྱིར་དྲུང་ཉེ་གནས་པ། དཀའ་བཅུ་བ་ཚུལ་རབ། བདག་ཅག་དང་བཅས་པ་འཁོད་པ་ལས། རྗེའི་གསུང་གིས། ད་ངེད་རང་ཡུན་རང་པོ་མི་སྡོད། དེའི་རྒྱུ་མཚན་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་མཛད་པ་ནི་སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་བདེ་འབྲས་སྩོལ་བ་ལས་གཞན་མེད། སེམས་ཅན་རྣམས་ལ་གནས་སྐབས་ཀྱི་བདེ་བ་ཙམ་བསྐྱེད་པ་ལའང་ལོ་ཆུ་རྟག་ཏུ་ལེགས་དགོས། ལོ་ཆུ་ལེགས་པ་ནི་ཆར་འབབ་པ་ལ་རག་ལུས། ཆར་བབ་ན་ངེད་རང་གི་ཁམས་འདིའང་ཤིན་ཏུ་མི་བདེ་བ་ཞིག་ཡོང་གི་འདུག་པས་འདི་ལྟ་བུའི་ངལ་བ་ཉམས་སུ་མྱོང་བ་བས་འདི་ནས་འཕོས་ནས་འདི་ལྟ་བུའི་ཉེ་བར་འཚེ་བས་མི་བརྫི་བ་ཞིག་བྱེད་པ་ཡིན། འདི་ནས་འཕོ་བ་ལའང་བློའི་ལྷག་མ་ཆེར་ལུས་པ་མེད། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལའང་བྱ་བ་ལེགས་པོ་བྱས། ཁྱད་པར་ཀརྨ་པའི་བསྙེན་པར་རྫོགས་པ་ལེགས་པར་གྲུབ་པ་དེའང་སྐྱེ་བ་རིལ་པོའི་བྱ་བ་མཐའ་དག་ལས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེ་བ་