R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༧བ-༤༨༤
[A:༡༤༧བ-༤༨༤] བདུན་པ་རྒྱས་པ། སངས་རྒྱས་སུམ་བཅུ་རྩ་ལྔའི་བསྟོད་པ་ཚིགས་བཅད་མ་དང་བཅས་པ་་གནང་བའི་མོད་ལ་དར་ཅིག་ཏིང་ངེ་འཛིན་ལ་བཞུགས་པར་གྱུར་ཅིག། སླར་ཏིང་ངེ་འཛིན་ལས་བཞེངས་པ་ན། བདག་ཅག་རྣམས་ཀྱིས་སྐུ་དྲུང་ཉིད་ལ་ད་ལྟ་ཐུགས་ཉམས་ཀྱི་ཁྱད་པར་ཇི་ལྟ་བུ་ཞིག་ཤར་བ་ལགས་ཞེས་ཞུས་པའི་ཚེ། ཁོ་བོ་ལ་སྣང་བ་མ་དག་པ་འདི་རྣམས་བུན་མོང་ཏེ་སོང་བའི་མཐར། མདུན་གྱི་ནམ་མཁར་སངས་རྒྱས་སུམ་བཅུ་རྩ་ལྔ་གྲལ་བསྒྲིགས་ཏེ་བཞུགས་པ་ཞིག་ཤར་གསུང་ཡང། དེའི་ཉིན་སློབ་དཔོན་ཙནྟྲ་གོ་མི་དཔོན་སློབ་གསུམ་ཕེབས་བྱོན་པས་མཆོད་པ་བཤོམས་ཤིག་གསུང་བའི་ཚེ། གཟིམས་ཁང་གི་སྒོ་དྲུང་དུ་ཛོ་གི་ཤིན་ཏུ་གཟུགས་བཟང་ཞིང་མཛེས་པ་ཁོལ་པོ་གཉིས་དང་བཅས་པ་བྱུང་བ་ལ། ཇ་ལ་སོགས་པ་བསྙེན་ཅིང་བཀུར་བས་མཆོད་ནས། སླར་གཟིམས་ཁང་ལ་བསྐོར་བ་གསུམ་བགྱིས་ཏེ་སོང་བ་ཐམས་ཅད་ཀྱིས་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་བ་དང། དེའི་རྗེས་སུ་ཟླ་བ་དེའི་ཚེས་ཉི་ཤུའི་ཐོ་རངས་རྗེ་ཉིད་བཞེངས་ཏེ། གསུང་ཚངས་པའི་དབྱངས་ལྟ་བུས་དུས་ཀྱི་འཁོར་ལོའི་དབང་སྔགས་རྣམས་བཟླ་བ་དང། ལྗགས་མཆིལ་གྱིས་སྐུ་ལུས་ཀྱི་ཆ་ཐམས་ཅད་ལ་བྱུག་པའི་ཚུལ་གནང་གི་འདུག་པས། དེ་ལྟ་བུ་ཅི་ཡིན་ལགས་ཞུས་པའི་ཚེ། ད་ལྟ་ཐམས་ཅད་མཁྱེན་པ་གཉག་དབོན་བསོད་ནམས་བཟང་པོ་དང་དངོས་སུ་མཇལ་བའི་གསུང་ལས། དུས་ཀྱི་འཁོར་ལོའི་དབང་སྔགས་