R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༥༡ན-༤༩༡
[A:༡༥༡ན-༤༩༡] ༄༅། །ལོ་མཐར་མ་སོན་གྱི་བར་དུ་ཞབས་པད་བརྟན་པའི་ཐུགས་མདུན་རྒྱ་ཆེན་པོ་གནང་དགོས། དེ་མཐུན་གྲ་ཐང་ནས་ཞབས་དྲུང་དུ་ཡང་བསྙེལ་གསོ་ཕུལ་ཏེ་བརྟན་བཞུགས་ཅིག་ཀྱང་འབུལ་མི་གཏོང་བས་ཐུགས་མདུན་རིང་པ་རང་གི་གསོལ་བ་འདེབས་པས་དེ་ཇི་ལྟ་བ་བཞིན་གྲུབ་པ་གནང་དགོས་ཞེས་ཕྱིར་ཐེགས། དེ་ཁ་བཞིན་གྲ་ཐང་དུ་ཡང་བསྙེལ་གསོ་ཕུལ། ཉེར་བདུན་གྱི་ཉིན་རྗེ་ལོ་ཆེན་དེ་ཉིད་ཀྱི་ཕྱག་བྲིས་ལས་གྲུབ་པའི་རྡོ་རྗེའི་རྟགས་མངོན་པར་བཀྲ་བས་མཚན་པའི་བརྟན་བཞུགས་འབུལ་བར་དྲུང་དཀའ་བཅུ་བ་དབང་ཆེན་པ་ཕེབས། དེ་ཁ་བཞིན་འཕྲལ་དུ་འབུལ་བ་གནང་བའི་ཚེ་ཤིན་ཏུ་དགྱེས་པའི་ཚུལ་སྟོན་ཞིང། རང་དབང་འདུས་ན་བླ་མའི་བཀའ་ཡིན་པས་ཡུན་ཅི་རིང་སྡོད་པའི་རྩིས་བྱེད་དགོས་ཏེ་རང་དབང་འདུས་པ་རང་དཀའ་བ་འདྲ་ཕེབས་ཤིང། དེ་ནས་སླར་རྗེ་རིན་པོ་ཆེའི་སྐུ་ཁམས་ཇི་ལྟར་ཡོད་སོགས་ཀྱི་རྩད་གཅོད་ཞིབ་པར་གནང་བ་ན། དྲུང་ནས་ཀྱིས་རྗེའི་སྐུ་ཁམས་ཤིན་ཏུ་བདེ་ཞིང་གསོལ་སོགས་ཀྱང་བཟང་བ་རང་དུ་ཡོད་ཞུས་པས། ཤིན་ཏུ་ལེགས་ཞེས་ལྷག་པར་དགྱེས་པའི་ཚུལ་སྟོན། དེ་ནས་དྲུང་པ་ཕྱིར་ཐེགས་པར་རྩམ་བརྩམས་པའི་ཚེ། བདག་ལ་དྲུང་ཡབ་བཞུད་ཟིན་ནམ་མ་ཟིན་ཕེབས་པ་ལ། ཐེགས་གྲབས་ཡོད་ལགས་ཞུས་པའི་