[A:༡༥༡བ-༤༩༢] ཚེ། འདོན་དྲུང་པ་ལ། འདི་ནས་སང་གནངས་གང་རིགས་སྐུ་ཁམས་བསྐོར་བ་དང་བརྟན་བཞུགས་འབུལ་མི་གཏོང་བས་དོ་ནུབས་རང་སྙན་དུ་ཐེབས་པ་ཅིག་མཛོད་ཞུས་ཕེབས་པ་ལ། བརྟན་བཞུགས་འབུལ་བ་ནི་ཤིན་ཏུ་ལེགས་པས་དེ་ཁ་བཞིན་རྒྱུ་མཚན་འབུལ་བའང་འཐད་ལགས་ཤིང། སྐུ་ཁམས་བསྐོར་བའི་སྣང་ཚུལ་བཀའ་དྲིན་སྐྱངས་ན། ད་ལྟ་སྐུ་ཁམས་ཤིན་ཏུ་བདེ་བར་ཡོད་འདུག་ལགས་དུས་སྐབས་སུ་མི་བབ་ལགས་སམ་ཞུས་པས། ཁོང་རྣམས་གསོང་བ་ཨེ་ཡིན་ནམ། དེ་ལྟར་ན་ངེད་རང་གི་དེ་འདྲ་བྱས་ན་མི་ཡོང་གསུང་ཞིང། དེ་ནས་ཧོར་ཟླ་དྲུག་པའི་ཚེ་གསུམ་གྱི་བར་དུ་གྲ་ཐང་ཞབས་དྲུང་གི་བཀའ་ལུང་ཅི་ཡང་མི་གནང་བ་ཅིག་བྱུང། དེ་ནས་ཉེར་དགུའི་ཞོགས་ཕྱེད་ཀྱི་དུས། ཡིད་ལ་མེད་དུ། ཨ་ཁ། ཙནྟྲ་གོ་མིའི་རྩོད་པ་དེ་ཕམ་པ་འདུག་གསུང་བ་ལ། སུ་དང་རྩོད་པ་མཛད། ཞབས་དྲུང་དུ་གང་འདྲ་ཅིག་གིས་ཞུས་བྱུང་བ་ལགས་ཞུས་པའི་ཚེ། སློབ་དཔོོན་ཟླ་བ་གྲགས་པ་དང་རྩོད་པ་ཡིན་ལུགས། ངེད་ལ་པོ་ཏ་ལ་ནས་ཡིན་ཟེར་བའི་མི་དཀར་པོ་ཞིག་བྱུང་བ་ཡིན་གསུང། སྔོན་འཕགས་པ་མོའུ་གལ་གྱི་བུ་མྱ་ངན་ལས་འདའ་བའི་སྔོན་རོལ་དུ་འཕགས་པ་ཤཱ་རིའི་བུས་དེ་ཉིད་བལྟ་བར་མི་བཟོད་པས་མྱ་ངན་ལས་འདའ་བར་མཛད་པ་དང། དེ་ཉིད་མྱ་ངན་ལས་འདས་པའི་སྔོན་རོལ་དུ་དགྲ་བཅོམ་པ་མང་པོས་བལྟ་བར་