R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༥༢ན-༤༩༣
[A:༡༥༢ན-༤༩༣] ༄༅། །མི་བཟོད་པས་བདག་ཅག་རྣམས་མྱ་ངན་ལས་འདའ་བོ་ཞེས་མྱ་ངན་ལས་འདས་པ་དང། གཞན་ཡང་སྟོན་པ་མྱ་ངན་ལས་འདའ་བའི་སྔོན་རོལ་དུ་དགྲ་བཅོམ་པ་མང་པོ་འདྲེན་པ་ཉིད་མྱ་ངན་ལས་འདའ་བ་བདག་ཅག་རྣམས་ཀྱིས་བལྟ་བར་མི་བཟོད་དོ། །ཞེས་དེ་རྣམས་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་བཞིན་དུ་སྐབས་འདིར་ཡང་འདི་ལྟར་ཐོས་ཏེ། ཧེ་རུ་ཀའི་ཕོ་བྲང་དཔལ་སྲིན་པོ་རིར་གདན་ཆགས་པའི་དཔལ་ལྡན་ས་སྐྱ་པའི་གདུང་རིན་པོ་ཆེ་མཁས་པ་དང་གྲུབ་པའི་ཕ་རོལ་དུ་ཕྱིན་པ་དེ་ཡིས་བསྙུན་པ་ལ་སོགས་པའི་རྐྱེན་ཆེར་མེད་པར། མཉམ་མེད་ཞ་ལུ་ལོ་ཙཱ་བ་དང། མཁན་ཆེན་རིན་པོ་ཆེ་ལ་སོགས་པ་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་དེ་དག་མི་རིང་པར་མྱ་ངན་ལས་འདའ་བར་འགྱུར་ན། དེ་ལྟ་བུའི་གཏམ་རྣ་བར་ཐོས་པ་དང་སྣང་ཚུལ་བལྟ་བར་མི་སྤོབས་པས་ཁོ་བོ་ཡང་འདི་ནས་ཞིང་བརྗེ་བ་ཡིན་ནོ་ཞེས་ཟླ་བ་ལྔ་པའི་ཚེས་བཅུ་བཞི་ལ་མྱ་ངན་ལས་འདའ་བར་མཛད་ཅིང། དེ་ནས་ཧོར་ཟླ་ལྔ་པའི་གནམ་གང་གི་ཉིན། རྗེ་བཙུན་ཞ་ལུ་ལོ་ཙ་བ་ཆེན་པོ་ཡང། མཁན་ཆེན་རིན་པོ་ཆེ་ཡང་བའི་རིང་བར་མྱ་ངན་ལས་འདའ་བར་འགྱུར་ན་དེ་ལྟ་བུ་བལྟ་བར་མི་བཟོད་པས་འབ་བུ་ཡང་མྱ་ངན་ལས་འདའ་བ་ཡིན་ནོ་ཞེས་སྙུན་པ་ལ་སོགས་པའི་རྐྱེན་ཆེར་མེད་པར་དགོངས་པ་ཆོས་ཀྱི་དབྱིངས་སུ་