R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣ན-༡༩༥
[A:༣ན-༡༩༥] ༄༅ ། ། ས་བཅད་དྲུག་ལས། ཡུམ་ལ་བལྟམས་ནས་གཞོན་ནུ་རོལ་ཆེད་མཛད་པའི་ཚུལ་ནི། དེ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་གཙུག་རྒྱན་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ། མཁན་པོ་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེ་ཞེས་འཇིག་རྟེན་ཐམས་ཅད་དུ་ཁྱབ་པར་ཡོངས་སུ་གྲགས་ཤིང། དེ་བཞིན་གཤེགས་པའི་སྲས་སྒྲ་གཅན་འཛིན་བཟང་པོའི་རྣམ་པར་འཕྲུལ་པར། མཆོག་གི་སྤྲུལ་པའི་སྐུ་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་དང། རྒྱལ་བའི་དབང་པོ་མི་བསྐྱོད་རྡོ་རྗེ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལན་རེ་ཙམ་མ་ཡིན་པར་ལུང་བསྟན་མངའ་གསོལ་ཞིང་། ངེས་པའི་དོན་དུ་ཞལ་གྱིས་ཀྱང་བཞེས་པའི་རྗེ་བཙུན་འདི་ཉིད་སྐུ་བལྟམས་པའི་ཡུལ་ནི། འཕགས་པའི་ཡུལ་གྱི་བྱང་ཕྱོགས། ཆོས་ཚིགས་ཀྱིས་ཆེ་བའི་ཡུལ་དབུས། རྒྱལ་བས་ཤེར་ཕྱིན་དར་བར་ལུང་བསྟན་པའི་གནས། བོད་ཁ་བ་ཅན་གྱི་ལྗོངས། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་བྱིན་གྱིས་བརླབས་པའི་ས། གཡས་རུ་དབུས་ཀྱི་སའི་ཐིག་ལེ། ཆུ་བོ་ཆེན་པོ་པཀྵུ་དལ་གྱིས་འབབ་པའི་ངོགས། རྡོ་རྗེ་ཁྱུང་བཙུན་མའི་ཕོ་བྲང་དང་ཉེ་བའི་འདབ། བཀྲ་ཤིས་དགེ་མཚན་དུ་མས་ཉེ་བར་བརྟེན་པའི་གནས་སིལ་་ཞེས་བྱ་བའི་སའི་ཆ། མཁས་པ་དང་གྲུབ་པའི་སྐྱེ་བུ་