R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤བ-༡༩༨
[A:༤བ-༡༩༨] དུས། ས་ཕུད་ཀྱི་མགྲོན་ཁང་དུ་དཔའ་བོ་རལ་གཅིག་བྱ་བ་དང་མཇལ། དེ་ནས་ཚེ་སྤོང་བྱང་རི་ལ། འཕགས་པ་ཇོ་འགར་བཞུགས་པའི་སྙན་གྲགས་གསན་ཏེ། འཚོལ་དུ་བྱོན་པས། གླང་ཆོས་ལུང་གི་དགོན་པར་དཔོན་སློབ་གསུམ་བཞུགས་པ་དང་མཇལ། དེར་སློབ་མ་གཅིག་གི་སྟག་གཟིགས་དཔལ་ཡིན་པར་ཤེས་ཏེ། འདི་མི་རྒོད་ཡིན་པས་ཆོས་བྱེད་པ་མིན། དཔོོན་སློབ་ལ་མཐོ་འཚམ་འདོད་པ་ཡིན་ནམ་ཞུས་པ་ལ། འཕགས་པའི་ཞལ་ནས། མི་རྒོད་ལ་ཆོས་རྒོད་ཡོང་སྟག་གཟིག་དཔལ་ཚུར་ཤོག། སྐྲ་བྲེགས་ཀྱི་གསུང་སྐྲ་བྲེགས། མཚན་ཞེན་ལོག་དཔལ་དུ་བཏགས། དེ་ནས་ཉང་སྟོད་སྟག་ཚལ་བྱ་བ་ཆུ་མངོན་ཞང་པོ་ཅིག་ཡོད་པའི་སར་ཆོས་རྒྱགས་འདྲ་སློང་དུ་བྱོན་པས། གསེར་ཞོ་ལྔ། བོང་བུ་ཅིག། ལྕགས་ནག་བཅོ་ལྔ། ཤ་ཁོག་གསུམ། ནས་ཁལ་ལྔ་རྣམས་སྦྱིན་བྱུང་བས། སླར་བླ་མའི་ཞབས་དྲུང་དུ་ལོག་ཏེ། ནས་ལ་ཕྱེ། གསེར་ཞོ་དོའི་རིན་གྱིས་ཆང། ཤ་དང་བཅས་པའི་ཡོ་བྱད་ཀྱིས་མཎྜལ་ལ་བརྟེན་པའི་ཡོ་བྱད་ཀྱིས་ཚོགས་ཀྱི་འཁོར་ལོ་ཞག་གསུམ་བསྐོར། དབང་ཡོན་དུ་གསེར་ཞོ་གསུམ། བོང་བུ། ལྕགས་རྣམས་ཕུལ་དབང་ཞུས་པས། འཕགས་པའི་ཞལ་ནས་ང་ལ་དེ་རྣམས་ཕུལ་བས་མི་ཡོང།