[A:༣༥༣]མར་འཛིན་པ་ཅི་ཞིག་མངའ། །མངའ་བདག་ཁྱོད་ནི་སྙིགས་དུས་ཐ་མ་འདིར། །འདིར་སྨོས་མ་ཟད་རྣམ་འཕྲུལ་བྱེ་བ་བརྒྱ། །བརྒྱ་ཕྲག་དུ་མས་སྐད་ཅིག་གཅིག་ལ་ཡང༌། །ཡང་དག་ལམ་དུ་གྲངས་མེད་འགྲོ་བ་འདྲེན། །དེ་ནས་ཀྱང་ཤས་ཆེར་ཟབ་མོའི་རྣལ་འབྱོར་གྱི་སྐུ་མཚམས་ཁོ་ན་ལ་བཞུགས། བྱི་ལོའི་དགུན། དཔལ་བསམ་སྡིངས་ཀྱི་གདན་ས་བཅུ་གཉིས་པ་གྲུབ་ཐོབ་ཀྱི་འཁོར་ལོ་སྒྱུར་བ་སངས་རྒྱས་སེང་གེའི་ཞལ་སྔ་ནས་ལ་ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་དབང༌། དཔལ་ནག་པོ་ཆེན་པོ། ལྕམ་དྲལ། ལྷ་བརྒྱད། པུ་ཏྲ། སྟོབས་འཕྲོག་དབང་པོ་བསྙེན་དུས་ཀྱི་རྗེས་གནང་རྣམས་སྔོན་དུ་འགྲོ་བའི་མན་ངག་གི་པོ་ཏི་མེ་འབར་མ་ལ་སོགས་པའི་ཟབ་མོའི་ཁྲིད་དང་ལུང་མང་པོ་ཞིག་གནང༌། སྔར་སྨོས་པ་ལྟར་ལྕེ་སྟོན་རིན་པོ་ཆེས་རྗེ་འདི་པ་ནག་པོ་ཆེན་པོ་དངོས་སུ་གཟིགས། རྗེ་འདིའི་གསུང་ལས་ཀྱང༌། རིན་པོ་ཆེ་བསམ་སྡིངས་པ་འདི་གཞིགས་ཀྱིན་འཇིགས་སུ་འཇིགས་སུ་འགྲོ་བ་ཞིག་གདའ་ཞེས། ཡབ་སྲས་ཕན་ཚུན་གཅིག་ལ་གཅིག་མཉེས་ཤིང་དད་པར་གྱུར་ཏེ། དམ་པའི་སྐྱེ་བོས་དམ་པ་ངོ་ཤེས་ཀྱི། བླུན་པོས་འབད་ཀྱང་དམ་པར་ཅི་ཞིག་རྟོགས། །བུང་བ་རྒྱང་ན་གནས་ཀྱང་པདྨའི་དྲི། །རྟོགས་མོད་ཉེ་འཁོར་སྦལ་པས་དེ་ལྟར་མིན། །གྲུབ་བརྙེས་འདི་ལ་དམ་པ་མིན་ནོ་ཞེས། །མ་རབས་འགའ་ཡིས་ལན་བརྒྱར་སྨད་བྱེད་མོད། །ཉ་བས་ཡིད་བཞིན་ནོར་བུར་སྤངས་པ་ལྟར། །སྨོད་བྱེད་དེ་དག་ཉིད་ཀྱི་ཉེས་པར་ཟད། །ལོ་དེའི་སྟོན་ཁའུའི་བྲག་རྫོང་ལ་ཕེབས། རྒྱལ་ཚབ་དམ་པ་དཔོན་སློབ་རྣམས་ལ་དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ས་ལུགས་ཐུན་མོང་མ་ཡིན་པའི་དབང་གནང་ཞིང༌། ཕྱག་ལེན་གྱི་འགྲིག་ཀྱང་དཔྱིས་ཕྱིན་པར་མཛད་དོ། །