[A:༣༥༦]དཔྱིད་ཀ་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་ཆོས་རྗེ་བླ་མ་དམ་པས་མཛད་པའི་དཔེ་ཕྱོགས་དུ་མ་ནས་དཀའ་བ་དཔག་ཏུ་མེད་པ་སྤྱད་ཅིང་བཙལ་ནས་བཞེངས། ཉིད་ཀྱི་ཞལ་སློབ་འཆད་ཉན་ཕེར་ངེས་པ་རྣམས་ལའང་འབོད་མི་རྐང་ཚུགས་སུ་གནང་སྟེ་ཕལ་ཆེ་བ་འདུག་པ་ལ། འདིའི་ལུང་རྒྱུན་ཡོད་པ་དང་ངེད་མིན་པ་མེད་ད་ལོ་ཙམ་མ་གྲུབ་ན་དེ་ནས་འགྲུབ་པའི་ངེས་པ་མི་འདུག་གསུང༌། ཤིན་ཏུ་ཐུགས་རྩོལ་ཆེ་བར་མཛད་དེ་དཀའ་བའི་གནས་རྣམས་སུ་གསུང་གིས་བརྒྱན་ཏེ་བཤད་ལུང་ཡོངས་སུ་རྫོགས་པ་ཞིག་གནང༌། འོ་དེ་མ་གྲུབ་ཀྱི་དོགས་པ་ཞིག་བྱུང་སྟེ་ད་ལེགས་པར་གྲུབ་པས་བློ་བདེ་གསུང༌། དགྱེས་པའི་རྣམ་པ་དུ་མ་ཞིག་མཛད་དེ་ངེས་དོན་དུས་ཀྱི་འཁོར་ལོའི་བསྟན་པ་འདི། །ངེས་དོན་བདག་པོས་ཁོ་བོ་འདས་མ་ཐག །ངེས་པར་ཞིང་འདིར་ནུབ་ན་མི་རུང་ཞེས། །ངེས་པར་དགོངས་ནས་ཆོས་འདི་བརྡལ་པོར་གཏད། །གཏད་མེད་མཁས་རྣམས་གཞུང་གཞན་འཆད་པས་བྲེལ། །བྲེལ་བ་ཅན་འགའ་འདུ་འགོད་དུ་མས་གཡེངས། །གཡེངས་མེད་བསམ་གཏན་པ་རྣམས་སྒོམ་ལ་ཕྱོགས། །ཕྱོགས་སླད་འགྲོན་པོ་ལྟ་བུར་ཆོས་འདི་འཁྱམས། །དམ་པའི་དགོངས་པ་ཚུལ་བཞིན་སྒྲུབ་པ་སུ། །འདྲེན་བྱེད་ལན་བརྒྱར་ཕྱིས་ནས་བལྟས་ལགས་ཀྱང༌། །མ་མཐོང་བཟོད་དཀའི་ཡི་ཆད་མེ་དཔུང་གིས། །སྙིང་རྩ་ཞུ་བ་མིག་གི་ལམ་ནས་ལྷུང༌། །ཨ་ཡེ་རྡོ་རྗེ་འཆང་དེའི་ཐུགས་ཀྱི་འཇིང༌། །ཡོངས་སུ་གང་བར་བདག་ལྟས་ཅི་ཞིག་ནུས། །འོན་ཀྱང་གཟུགས་བརྙན་ཙམ་ཡང་དོན་ཡོད་སྙམ། །གཞུང་ལུགས་འདི་ནི་བདག་ལ་གཉེར་དུ་བབས། །དེའི་དབྱར་བདག་ཅག་ལ་སོགས་པ་