[A:༣༥༧]སྒྲུབ་བྱ་དྲུག་ལ་བསྙེན་པར་རྫོགས་པའི་སྡོམ་པ་སྩལ། སྟོན་ཡང་རྗེ་བཙུན་དབོན་རིན་པོ་ཆེའི་ཞབས་ཕྱིར་བདག་ལ་སོགས་པ་ཁ་ཅིག་ལ་ཕུར་བ་ས་ལུགས་དང༌། འཁོར་ལོ་སྡོམ་པ་བོང་ཞལ་ཅན་གྱི་དབང་གནང་སྟེ། སྐལ་བ་དམན་པ་དག་གིས་དབང་བསྐུར་བ་ཐོབ་པའི་ཐ་མ་ནི་འདི་ཡིན། འབྲུག་ལོའི་དཔྱིད་ཆོས་རྗེ་རྟག་སྡེ་པ་བློ་གྲོས་རྒྱལ་མཚན་ལ་སོགས་པ་ཁ་ཅིག་ལ་དཔལ་རྡོ་རྗེ་འཇིག་བྱེད་རྭ་ལུགས་རོ་ལངས་བརྒྱད་བསྐོར་གྱི་རྡུལ་ཚོན་དུ་དབང་བསྐུར་བ་སྔོན་དུ་འགྲོ་བའི་རྭ་ཁྲིད་ལ་སོགས་པའི་གསུང་ཆོས་མང་པོ་ཞིག་གནང་ཞེས་ཐོས། དབྱར་སོས་གསུང་ངག་རིན་པོ་ཆེའི་བརྒྱུད་པ་དང༌། ལྟུང་བཤགས་ཀྱི་སངས་རྒྱས་སོ་ལྔ་སོགས་རྡོ་ལྷ་མང་པོ་ལ་རབ་ཏུ་གནས་པ་མཛད་དེ། །མདོར་ན་བསྟན་པའི་སྦྱིན་བདག་གནས་གསར་བས། བྲིས་སྐུ་དང་འབུར་སྐུ་དང༌། ལུགས་སྐུ་དང༌། མཆོད་རྟེན་སོགས་སྐུ་གསུང་ཐུགས་ཀྱི་རྟེན་ཟམ་མ་ཆད་པར་བཞེངས་པ་རྣམས་ཀྱི་ཞལ་ཏ་དང༌། རབ་གནས་སྟར་ཆགས་སུ་མཛད་ལ། ཞལ་བཀོད་ལས་བསྐྲུན་པའི་ལྷ་རྣམས་ནི་སྐུའི་རྣམ་འགྱུར་བདེ་ཉམས་སུ་མིང་བཏགས་པའི་ཉལ་བ་དང་སྙེས་པ་དང་ཞལ་ཕྱིར་ཕྱོགས་པ་དང༌། སྟན་མེད་པར་འཁྱམས་པ་སོགས་མ་ཡིན་པར། སེང་ཁྲི་དང་པད་ཟླ་སོགས་འོས་ཤིང་བརྗིད་ཆགས་ལ་ལྷུན་སྟུག་པའི་གདན་ལ། སྐུ་དྲང་ཞིང་བརྟན་པ། རྒྱུད་སྡེ་ལས་གསུངས་པའི་ཕྱག་ཚད་དང་ལྡན་པ། གཙོ་འཁོར་ཆེ་ཆུང་ཁྱད་ཆེ་ཞིང་འཁོར་རྣམས་གཙོ་བོ་ལ་ཕྱོགས་པ། གྱེན་དུ་ལྟ་ཞིང་དབུགས་བསྐྱོད་ཚུལ། །ཞེས་སོགས། རྒྱུད་སྡེ་ནས་བཤད་པའི་མི་ཤིས་པའི་མཚན་མ་ཐམས་ཅད་དང་བྲལ་ཞིང༌།