[A:༣༦༠]གྲངས་མེད་བཞེངས་པ་འདི་ཅི་ལགས། །གསུང་རབ་རྩོམ་པའི་སྒོ་ནས་བསྟན་པ་ལ་བྱ་བ་ལྷག་པར་མཛད་དེ། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་གདབ་པ། རྗེ་བཙུན་རྡོ་རིངས་པ་ཆེན་པོ་ལ་བསྟོད་པ། རྣལ་འབྱོར་དབང་ཕྱུག་ཀུན་དགའ་རྒྱ་མཚོའི་སྐུ་གདུང་ཞུགས་ལ་ཞེན་པའི་ཚེ་མི་ལྕི་ལ་བཀྲ་ཤིས་པའི་རྟགས་བརྒྱད་གསལ་བར་ཤར་བའི་ཚེ་མཛད་པའི་གདུང་དབྱངས་ཀྱི་གསོལ་འདེབས། སློབ་དཔོན་པདྨའི་བསྟོད་པ། རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མའི་བསྟོད་པ། རྩ་བའི་བླ་མ་རྣམས་ལ་བསྟོད་པ། གསང་འདུས་འཇམ་པའི་རྡོ་རྗེ། ཕྱག་ན་རྡོ་རྗེ་ཨུ་ཙརྻ། མགོན་པོ་ལྷ་ཆེན་དཔལ་འབར་བཀའ་གཏེར་རྣམས་ཀྱི་བརྒྱུད་འདེབས། འཇམ་རྡོར་ལྷན་ཐབས་ཀྱི་བཀྲ་ཤིས། གསུང་ངག་རིན་པོ་ཆེའི་ཟིན་བྲིས་གཉིས། སྦྱོར་དྲུག་གི་སྔོན་འགྲོའི་ངག་འདོན་བདེ་བླག་ཏུ་རྟོགས་བྱེད་ནོར་བུའི་འཕྲེང་བ། ཁྱུང་ཁྲའི་སྒྲུབ་ཐབས། སྣ་ཚོགས་ཡུམ་དང༌། ཁྱུང་ཁྲའི་རྗེས་གནང་གི་ཡི་གེ །འཇམ་དབྱངས་དཔའ་བོ་གྲུབ་པ་དང༌། དུད་སོལ་མའི་རྗེས་གནང་གི་ཟིན་བྲིས། གསན་ཡིག་རིན་ཅེན་བང་མཛོད། སློབ་མ་སོ་སོ་ལ་གནང་བའི་ཞལ་གདམས། བཀྲ་ཤིས། སྨོན་ལམ། བཤད་པའི་ཐོ་ལ་སོགས་པ་ཡོངས་སུ་དྲིལ་ན་པོ་ཏི་གཅིག་ཙམ་མཛད་པ་ཐམས་ཅད་ཀྱང་དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་ཞེས་དང༌། མགོན་པོ་བྱམས་པས། དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །དོན་རྣམས་གཉིས་ལྡན་གཟུང་སླ་དང༌། །ཞེས་གསུངས་པ་ལྟར་དགེ་བ་གསུམ་དང་ལྡན་ཞིང་དོན་གཉིས་སྟོན་ལ། སྡེབ་སྦྱོར་ལ་སོགས་པའི་འཇིགས་འཇིགས་མོ་གཙོ་བོར་མི་མཛད་ཀྱང༌། གཟུང་