[A:༣༥༩]ཆོས་རྒྱལ་རིགས་ལྡན་གྱིས་བསྐོར་བ་སོགས་ཞིང་ཁམས་མང་པོ། དུས་འཁོར་སྡོམ་ཆེན། མཁའ་འགྲོ་རྒྱ་མཚོ། རྡོ་རྗེ་ཕུར་པ་སོགས་དཀྱིལ་ཐང་མང་པོ་དག་ཅིང་མཚན་ཉིད་དང་ལྡན་པ་བཞེངས་པ་དང༌། ཡིག་མཁན་གཉིས་གསུམ་རེ་རྟག་པར་བསྟེན་ནས་ཕྱག་དཔེ་པོ་ཏི་བརྒྱ་ཕྲག་ཁ་རེ་བྲི་བ། བླ་མ་གོང་མ་དག་གི་ཐུགས་དམ་བྲིས་སྐུ་རྒས་ཤིང་འཁོགས་པ་མང་པོ་ཞིག་ལ་གོང་ཤམ་ཞལ་ཁེབས་འབུལ་བ། ཕྱག་དཔེ་རྣམས་ལའང་དར་དང་གོས་ཆེན་དང༌། ཐ་ནའང་རས་བཅོས་བུ་ཡིད་དུ་འོང་བའི་ན་བཟའ་འབུལ་བ་སོགས་དོན་ཡོད་པ་ཁོ་ན་ལས། ལོག་འཚོ་དང༌། དོན་མེད་པ་ལ་ཏིལ་འབྲུ་ཙམ་ཡང་མི་གནང༌། བླ་མ་དང་དཀོན་མཆོག་ལ་ཐུགས་ཤིན་ཏུ་དད་པས། བླ་མ་སྔ་ཕྱི་སུ་ལའང་སྙན་གྱིས་གསན་པར། མཚན་རྐྱང་ནས་འབོད་པ་དང་སྐུར་པ་འདེབས་པ་མི་ཡོང༌། བྲིས་སྐུ་སོགས་ལྟ་ཅི་སཱཙྪའི་ཆག་དུམ་ཚུན་ཆད་ས་རྗེན་ལ་འཇོག་པའམ། འགོམས་ཡུགས་འགྲོ་བ་འདྲ་ན་རྟབ་རྟབ་པོར་མཛད་དེ་མྱུར་དུ་དེ་ལས་བཟློག་པར་མཛད། གསོལ་བའི་བར་ལྟ་བུ་ལ་ཕྱག་དཔེའམ་ལྷ་རྟེན་ལ་གཟིགས་པ་ཞུས་ན་འབགས་བདོག་གསུང༌། ཕྱག་ལེགས་པར་ཕྱིས་ཞལ་བསིལ་ནས་མཛད་ཀྱི་བབ་ཆོལ་དུ་རེག་པ་སོགས་མ་མཐོང༌། གཞན་ལྟ་ཅི། ཕྱག་དཔེ་སོགས་ཀྱི་ཁར་དབུ་ཞྭ་བཞག་པ་གཟིགས་ནའང༌། འདི་འདྲ་བྱེད་མཁན་ཅི་ཡོད་ཁྱེད་ཚོ་ལས་འབྲས་ལས་གྲོལ་བས་དྲག་སྟེ། ངེད་ལ་འཇིགས་སྐྲག་ཆེན་པོ་བདོག་གསུང་དེ་མ་ཐག་གཞན་དུ་སྤོང་བར་མཛད་དེ། རིགས་བརྒྱའི་སྤྱི་བོར་ཞབས་སེན་འགོད་བཞིན་དུ། །ཕྱི་རོལ་རྟེན་ལ་སྲི་ཞུ་གུས་པས་མཛད། །སྣང་སྲིད་རྒྱལ་བའི་རོལ་པར་གཟིགས་བཞིན་དུ། །རྟེན་གསུམ་