[A:༣༨༤]འཁོར་ཐབས་མེད་པ་ནམ་ཡང་མི་བརྗེད་པས་གར་བཞུགས་སུ་བསྒྲུབ་ཅིང་མཆོད་པ་སོགས་དུས་མཆོད་ཟླ་མཆོད་ཐམས་ཅད་ཀྱང་མ་ཆག་པར་བསྒྲུབས་སོ། །ལོ་དེའི་ཟླ་བ་བརྒྱད་པ་ནས། ཕྱི་རྟེན་རྣམ་རྒྱལ་མཆོད་རྟེན་གྱི་འགྲམ་བཏིང༌། རྗེ་བཙུན་དབོན་རིན་པོ་ཆེས་ཞལ་བཀོད་མཛད་དེ། ཕྱག་ཚད་སོགས་རྒྱུད་དང་མཁས་པའི་བཞེད་པ་ཇི་ལྟ་བར་མཛད་པའི་ནང་དུ། བདག་ཅག་གི་བླ་མ་དམ་པ་དེའི་ཚེམས་ལ་སོགས་པ་བྱིན་རླབས་རྟེན་ཁ་ཅིག་རྒྱུར་བྱས་བྱུང་བའི་སཱཙྪ་གཟུངས་ཀྱི་སྙིང་པོ་ཅན་སྟོབས་ཆེ་བ་དང༌། གསང་སྔགས་གསར་སྙིང་དང་འབྲེལ་བའི་གཟུངས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་སོགས་རྗེ་ཉིད་ཀྱི་ཕྱག་ལེན་ཇི་ལྟ་བར་མཛད་ལ། རབ་ཏུ་གནས་པ་རྗེ་བཙུན་དབོན་རིན་པོ་ཆེས་རྒྱས་པར་མཛད་པའི་མཆོད་རྟེན་ཆེན་པོ་གསེར་ཟངས་ཀྱི་གདུགས་དང་གན་ཇི་རས་མཛེས་ཤིང་ཡིད་འཕྲོག་པ་ཞིག་མཛད་དེ། འདིའི་དཀར་ཆག་རྒྱས་པ་དོན་དུ་གཉེར་བ་ཡོད་ན་བདག་གིས་ལོགས་སུ་འགྱིས་ཡོད་པས་དེར་གཟིགས་ཤིག །དེ་ནས་རྗེ་བཙུན་དམ་པ་དེ་ལྟ་བུ་མ་བཞུགས་པས་འགྲོ་བ་མཐའ་དག་གི་བདེ་སྐྱིད་ཉམས་ན། བདག་ཅག་རྣམས་ཉམས་པར་འགྱུར་བ་ལྟ་ཅི་སྨོས་པ། དང་པོ་བོ་དོང་གི་ཕྱོགས་འདིར་རྗེ་བཙུན་ས་སྐྱ་པའི་བསྟན་པ་ནུབ་པར་རིངས་པ་དང༌། སྔོན་རྗེ་བཙུན་ཆེན་པོ་གྲགས་པའི་སྐུ་བཞེངས་དུས་རྟེན་འབྲེལ་ཅུང་ཟད་ཅིག་འཕྱུགས་པ་ལ་བརྟེན་སྡེ་སྲིད་འདི་ལ་འཕོ་འགྱུར་ཞིག་འོང་ཞེས་ལུང་བསྟན་པ་དེའི་དུས་ལ་བབས་པ་ལ་བརྟེན། དུས་ཀྱི་ཟིང་ལོང་ཆེན་པོ་བསམ་པའི་ར་བ་ལས་འདས་པ་དེ་བྱུང་ནས། ཕྱོགས་འདིར་འཕོ་དགོས་ཤར་བའི་དུས། རྗེ་བཙུན་དབོན་རིན་པོ་ཆེ་དཔོན་སློབ་ནི་ཐུགས་ཟོས་གང་བདེ་ལྷུར་བཞེས་པས་ཕྱོགས་གཞན་དུ་དགེས་བཞིན་དུ་བྱོན། བདག་གིས་