[A:༣༨༥]ཕྱགས་ཕྱི་བགྱིས་ཏེ་སྐུ་གདུང་རིན་པོ་ཆེ་མཆོད་རྟེན་ནས་སྤྱན་དྲངས་པའི་དུས་ཀྱང་དྲི་བཟང་དང་མེ་ཏོག་གི་ཆར་ལྷག་པར་བབས། དེ་ནས་རེ་ཞིག་གདུང་སྒྲོམ་ཞིག་ཏུ་བཞུགས་ནས་མཆོད་པ་དང་བསྟི་སྟང་དུ་བགྱིས་པའི་མཐར། ཡོས་ལོ་ཟླ་བ་དང་པོའི་ཉེར་གསུམ་ལ་སྲས་ཀྱི་ཐུ་བོ་མཁན་ཆེན་ཐམས་ཅད་མཁྱེན་པ་ཆེན་པོའི་ཞལ་སྔ་ནས། ཐུགས་དམ་བསྙེན་པ་ཁ་གསོ་སྔོན་དུ་འགྲོ་བ་ཅན་གྱི་སྒོ་ནས་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ་ཞུགས་ལ་ཞེན་པ་ནའང༌། མེ་ཏོག་གི་ཆར་དང་འཇའ་འོད་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང་ཞིང༌། སྐུ་གདུང་རིན་པོ་ཆེ་ཕལ་ཆེར་ནི་ཟླ་བ་ཞུན་མ་ལྟར་དཀར་ཞིང་དྭངས་ལ་འོད་འཕྲོ་བ་ལ་ཐིག་ལེ་མཐིང་ག་དང༌། དམར་སེར་ལ་སོགས་པས་མཚན་པ་དང༌། ཧཾ་ཡིག་ལ་སོགས་པའི་ཡིག་འབྲུ་དང༌། རིང་བསྲེལ་གྱིས་ཕྱུར་བུར་གྱུར་པ་ཁོ་ན་བྱོན། ཚེམས་ཀྱི་གདུང་རྣམས་ནི་མཐིང་ཤུན་ལྟར་སྔོ་བ་དང༌། དབྱར་གྱི་ཆར་སྤྲིན་ལྟར་མཛེས་པ་ཤ་སྟག་ཏུ་བྱོན་པ་རྣམས། ལོ་གཅིག་གི་བར་ཟ་མ་ཏོག་ཏུ་བཞུགས་པ་ལ་མཆོད་པ་དང་ན་བཟའ་བཟང་པོས་བཀུར་སྟིར་བགྱིས་ཏེ་གསོལ་བ་བཏབ། དེ་ནས་མེ་ཕོ་འབྲུག་གི་ལོ་ཟླ་བ་བཞི་པའི་ནང་དུ་བཟོ་བོ་རྣམས་སྤྱན་དྲངས། སྤྲུལ་སྐུ་སཱུརྻ་རིན་ཆེན་སོགས་རི་མོ་བ་བརྒྱད་ཀྱིས་རྡོ་རྗེ་འཆང་ཆེན་པོ་ལ་གྲུབ་ཆེན་བརྒྱད་ཅུས་བསྐོར་བ་གཙོ་བོར་བཞུགས་པའི་དཔལ་རྡོ་རྗེ་འཕྲེང་བའི་བླ་མེད་ཀྱི་དཀྱིལ་འཁོར་ཉེར་ལྔ་དང༌། འདུས་པ་སྤྱན་རས་གཟིགས། འཇིགས་བྱེད་ལྷ་བཅུ་གསུམ་མ། ཞེ་དགུ་མ་རོ་ལངས་བརྒྱད་བསྐོར་དཔའ་བོ་གཅིག་པ་ཕྱག་མཚན་གྱིས་བསྐོར་བ། གདོང་དྲུག་ལྷ་ཉེར་ལྔ། བདེ་ཆེན་རལ་གཅིག་ལྷ་ཉེར་ལྔ། གཤེད་དམར་ལྷ་ལྔ་དང༌། གཏུམ་པོ་ཕྱག་ན་རྡོ་རྗེ་