[A:༣༩༢]གྲོལ་མ་ཐག་ཆར་རྒྱུན་ཆེར་འབབ་པ་དང༌། བུད་ཤིང་དང་ཡམ་ཤིང་གཅིག་ཉིད་ལ་ཡང༌། རྒྱས་པའི་སྦྱིན་སྲེག་གི་མེ་གུར་གུམ་གཞོན་ནུ་ལྟ་བུ་དང༌། ཞི་བའི་སྦྱིན་སྲེག་གི་མེ་ཟླ་བ་ཞུན་མ་ལྟར་འབྱུང་བ་སོགས་སྐྱེ་བོ་ཐམས་ཅད་ཀྱི་བསྙོན་མེད་དུ་མཐོང་བ་འདི་ཡིན་མོད། རྒྱལ་དབང་བླ་མ་མཆོག་དེའི་བཞེད་པའི་དོན། །རྒྱལ་བསྟན་འཕེལ་ཞིང་རྒྱས་བྱེད་ཉིད་ཡིན་ཞེས། །རྒྱལ་སྲིད་ཆོས་ལ་སྦྱོར་བའི་ས་སྐྱོང་དེས། །རྒྱལ་བའི་བསྟན་པ་རིན་ཆེན་བླ་མར་མཛད། །གང་ཟེར་དབྱངས་སུ་ལེན་པའི་ཆོ་ག་དང༌། །འབྲེལ་མེད་རྐང་ལག་གང་བདེའི་གར་འཆམས་དང༌། །དབང་མེད་ཧམ་ཅན་འཚོགས་པའི་ཆང་འཐུང་ལ། །སྒྲུབ་མཆོད་མིང་དུ་བཏགས་པ་འདི་མི་འདྲ། །ཕྱོགས་རེའི་དཀྱིལ་ཆོག་སྦྱངས་པའི་མཁས་རློམ་འགས། །ཕྱོགས་འདིའི་ཕྱག་ལེན་མཐའ་དག་མཐོང་བའི་ཚེ། །ཕྱོགས་བསླད་འགྲོན་པོ་ལྟ་བུར་མུན་འཐོམས་ཤིང༌། །ཕྱོགས་ལྷུང་དབང་གིས་སྙིང་ལ་ཟུག་རྔུ་སྟེར། །རབ་མཆོག་བླ་མ་དམ་པའི་དྲིན་ཐོབ་ཅིང༌། །རབ་མང་ཐོས་པ་རྒྱ་མཚོའི་ཕ་རོལ་སོན། །རབ་འབྱམས་རྒྱུད་སྡེའི་གཞུང་ལ་སྦྱངས་པ་ཡི། །རབ་དཀར་ཤེས་ལྡན་དེ་དག་སྤྲོ་བས་འཇུག །མདོར་ན་བླ་མ་དམ་པའི་སྐུ་དྲིན་མཚུངས་པ་མེད་པ་འདི་ཉིད་ཀྱི་སྐུའི་ཞལ་སྐྱིན་དུ་སྐུ་འདྲ་ཡིད་བཞིན་གྱི་ནོར་བུ་བྱིན་རླབས་ཀྱི་ཟིལ་ཆེན་རྒྱས་པ་གསུང་ངག་རིན་པོ་ཆེའི་བརྒྱུད་པ་རྣམས་དང་བཅས་པ་བཀྲ་ཤིས་དང་དགེ་མཚན་གྱི་གཟི་འོད་ཆེས་ཆེར་འབར་བ་འདི་ཉིད་དང༌། གསུང་གི་རྟེན་དུ་གཡས་རུ་མྱུག་གི་ཆོས་གྲྭ་ཆེན་པོ་གནས་དགོན་དུ་རྒྱུད་གསུམ་མན་ངག་དང་བཅས་པ་དང༌། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མན་ངག་དང་བཅས་པ་ལ་བཤད་སྒྲུབ་ལྷུར་ལེན་