[A:༣༩༣]པའི་དགེ་འདུན་བརྒྱ་ཕྲག་ཏུ་ལོངས་པའི་རྒྱུན། ཐུགས་ཀྱི་རྟེན་དཔལ་སྦུག་རྣམ་པར་གྲོལ་བའི་རི་ཁྲོད་དུ་འཆག་མེད་བཞི་ཐུན་བཞིར་ཉམས་སུ་ལེན་པའི་རྡོ་རྗེ་འཛིན་པ་ལོ་རེ་བཞིན་ཡང་བདུན་ལས་མི་ཉུང་བའི་མཚམས་ཟླ་བ་དྲུག་མ་བྱེད་མཁན་གྱི་རྒྱུན། བཤད་སྒྲུབ་ཀྱི་བྱ་བ་བྱེད་པོ་དེ་དག་གི་འཚོ་བའི་ཡོ་བྱད་གནས་མལ། བུད་ཤིང་ཚུན་མ་ཚང་བ་མེད་པར་བསྒྲུབས་ཤིང་བསྒྲུབ་ལ། སྒྲུབ་པར་འགྱུར་བ་དང་བཅས་པ་འདི་ཐམས་ཅད་ཀྱི་བདག་རྐྱེན། བསོད་ནམས་བྱེ་བའི་དཔལ་གྱིས་ལེགས་པར་བསྐྲུན་པའི་དད་པའི་རྩ་བ་རབ་ཏུ་བརྟན་ཞིང༌། ངོ་ཚ་དང་ཁྲེལ་ཡོད་པ་དང་གཏོང་ཕོད་པ་ལ་སོགས་པ་འཕགས་པའི་ནོར་བཟང་པོའི་དཔལ་འབར་བ། ཆབ་སྲིད་ངེས་པས་སྐྱོང་བ་སོགས་སྔོན་གྱི་ཁྲིམས་ལུགས་བཟང་པོ་ལྷུར་མཛད་པའི་རྒྱལ་རིགས་སཱ་ལ་ཆེན་པོ་འ་ཞྭ་བསོད་ནམས་རབ་བརྟན་དཔལ་བཟང་པོ་ཡབ་ཡུམ་སྲས་དང་བཅས་པའི་དད་གུས་ཀྱི་བསམ་སྦྱོར་ཕུན་སུམ་ཚོགས་པས་ལེགས་པར་བསྒྲུབས་ཤིང༌། ཚུལ་འདི་དང་འདི་དག་འོས་སོ་ཞེས་དུས་སུ་འདོམས་པར་མཛད་པ་པོ་ནི་བདག་ཅག་གི་བླ་མ་ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་ཀྱི་སྐྱབས། མཁན་ཆེན་ཐམས་ཅད་མཁྱེན་པ་ཆེན་པོའི་ཞལ་སྔ་ནས་ཀྱི་ཞབས་ཡིན་ལ། འཆད་ཉན་ལ་སོགས་པའི་ཁུར་ཅུང་ཟད་བླ་མ་དམ་པ་དེའི་སྐུ་དྲིན་གསོབ་པར་འདོད་པའི་བཀའ་འབངས་ཐམས་ཅད་ཀྱི་ཐ་མའི་ཡང་ཐ་མར་གྱུར་པ་བདག་གིས་ཁྱེར་ཏེ། མདོར་ན་འཛིན་མའི་ཁྱོན་འདིར་སྤྱིར་འཁྲུལ་པའི་དྲི་མ་ཐམས་ཅད་དང་བྲལ་ཞིང་བསྟན་པའི་བདག་པོ་ཟླ་མེད་པ་རྗེ་བཙུན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་དང༌། དེའི་སྙིང་པོ་ལས་ཀྱང་ཆེས་སྙིང་པོར་གྱུར་པ། བདག་