[A:༣༩༦]པར་ཤོག །ལམ་ལོག་ལམ་གོལ་ལམ་ངན་ཞུགས་པ་ཀུན། །མྱུར་དུ་ཡང་དག་ལམ་ལ་འགོད་བྱེད་ཅིང༌། །སངས་རྒྱས་ཞིང་སྦྱོང་སེམས་ཅན་སྨིན་བྱེད་གྱུར། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་བྱེད་ཤོག །བདག་ནི་མཐོང་ཐོས་དྲན་རེག་གྲིབ་མ་ཕོག །གུས་པས་མཆོད་དང་སྡང་བར་བྱེད་པ་སོགས། །འབྲེལ་པ་ཐོགས་པའི་སེམས་ཅན་ཐམས་ཅད་ཀྱང༌། །བླ་མ་མཆོག་གིས་རྗེས་སུ་འཛིན་པར་ཤོག །རྒྱལ་བ་རྒྱ་མཚོའི་ཆོས་ཀྱི་མཛོད་བཟུང་ནས། །བསྐལ་བ་རྒྱ་མཚོར་རྣམ་འཕྲུལ་སྣ་ཚོགས་ཀྱིས། །ཆོས་ཀྱིས་འཕོངས་པའི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་སྦྱིན་པ་ལྷུག་པར་གཏོང་བར་ཤོག །ཚེ་འདི་ཡུན་རིང་འཚོ་ཞིང་ལོངས་སྤྱོད་ལྡན། །ནད་དང་བགེགས་མེད་དམ་ཚིག་སྡོམ་པས་ཕྱུག །གསང་ཆེན་ཟབ་མོའི་བཤད་སྒྲུབ་མཐའ་ཡས་པ། །དཔལ་ལྡན་བླ་མའི་འཕྲིན་ལས་རྒྱས་བྱེད་ཤོག །བཀྲ་ཤིས་གང་ཞིག་རིགས་བརྒྱའི་གཙུག་ཏོར་ནོར་བུའི་རྩེ་ལ་ཞབས་སེན་ཟླ་དབང་གར་བྱེད་ཅིང༌། །བཀྲ་ཤིས་ཀུན་འབྱུང་ལྷན་སྐྱེས་དགའ་ཆེན་ལེགས་པར་མཉེས་པའི་ངོ་མཚར་ལེགས་བྱས་མཐའ་ཡས་པས། །བཀྲ་ཤིས་རྒྱལ་བའི་མཚན་མ་ཡིད་འོང་དཔལ་ལྡན་ཕུན་ཚོགས་བཟང་པོའི་ཞབས་ཞེས་སྙན་གྲགས་པ། །བཀྲ་ཤིས་མཚན་གྱི་རྒྱལ་རྔ་བསྒྲགས་པས་ཕྱོགས་འདིར་ཆོས་དང་སྲིད་པའི་དགེ་ལེགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བདག་ཅག་གི་མཁན་པོ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་ཆུ་གཏེར་བཞད་པ་ཞེས་