[A:༣༩༥]ཚིག་ཐོ་ཆེར་བཀོད་པའི་རྡོ་ཐལ་མདོག །མ་ངེས་ཕྱོགས་ལྷུང་ར་རིའི་རྙོག་མ་ཅན། །ཤེས་ལྡན་མིག་གིས་ལྡུམ་རར་ཤར་མ་ཐག །ངོ་མཚར་པད་དཀར་ཟུམ་དང་འདི་མི་འདྲ། །རྒྱལ་བའི་མཛད་པ་མཐའ་དག་ལྟ་ཅི་སྨོས། །སྐལ་དམན་གདུལ་བྱའི་སྣང་ངོར་ཐམས་ཅད་ཀྱང༌། །ཇི་བཞིན་ཚུལ་འདིར་འདུས་པ་མ་ཡིན་མོད། །བདག་གི་བློ་ལ་སྣང་བ་ཙམ་ཞིག་བཀོད། །དགེ་བ་འདིས་མཚོན་དུས་གསུམ་དགེ་བའི་ཚོགས། །གཅིག་ཏུ་བསྡུས་ནས་མཁའ་ཁྱབ་སེམས་ཅན་ཀུན། །སྲིད་འགྲོ་ཉམ་ངར་རིང་པོ་མི་ཐོགས་པར། །རྗེ་བཙུན་བླ་མའི་གོ་འཕང་ཐོབ་ཕྱིར་བསྔོ། །བདག་ཀྱང་དེ་ནས་སྐྱེ་བ་ཐམས་ཅད་དུ། །འགྲོ་ཀུན་དགའ་བྱེད་བླ་མེད་ལེགས་པའི་ལམ། །གསལ་མཛད་བློ་གྲོས་མཚུངས་མེད་བླ་མ་དེའི། །འཕྲིན་ལས་སྒྲུབ་པའི་བྲན་དུ་སྐྱེ་བར་ཤོག །མི་མཉེས་སྐད་ཅིག་ཙམ་ཡང་མི་བྱེད་ཅིང༌། །ཇི་ལྟར་ཐུགས་ལ་བཞེད་པའི་དོན་དེ་དག །སྲོག་ཀྱང་ཡལ་བར་བོར་དེ་བསྒྲུབ་པ་ལ། །ངལ་བ་མེད་ཅིང་སྤྲོ་བས་འཇུག་པར་ཤོག །བླ་མའི་འཕྲིན་ལས་ཕྱོགས་བཅུར་སྤེལ་སླད་དུ། །གང་ལ་གང་འོས་རྣམ་འཕྲུལ་དུ་མ་ཡིས། །སྐལ་བ་རབ་འབྲིང་ཐ་མ་ཐམས་ཅད་ཀྱང༌། །ངེས་དོན་ཟབ་མོའི་ལམ་ལ་འགོད་པར་ཤོག །གང་ན་བསྟན་པས་མ་ཁྱབ་མུན་པའི་གླིང༌། །དཀོན་མཆོག་གསུམ་གྱི་སྒྲ་མེད་དེ་དག་ཏུ། །དམ་པའི་ཆོས་ཀྱི་འོད་ཟེར་འབུམ་ཕྲག་གིས། །གྲངས་མེད་འགྲོ་བའི་བློ་མུན་སེལ་བར་ཤོག །རང་ཉིད་ཞི་བདེའི་བསམ་སྦྱོར་སྐད་ཅིག་ཀྱང༌། །བདག་གི་རྒྱུད་ལ་སྐྱེ་བར་མ་གྱུར་ཅིག །ངེས་པར་གཞན་ལ་ཕན་ན་བསྐལ་པ་བརྒྱར། །དམྱལ་བའི་གནས་སུའང་དགའ་ཞིང་འདུག་