[A:༢༧༤]རྟ་མགྲིན་ནག་པོ། ཕག་དཀར་ཤེས་རབ་གསལ་བྱེད། དཔལ་སྨྲ་བའི་སེང་གེ །འཇམ་དཔལ་དཀར་པོ། ཨ་ར་པ་ཙ་ན། མི་གཡོ་བ་དཀར་པོ། རི་ཁྲོད་ལོ་མ་གྱོན་མ་རྣམས་ཀྱི་རྗེས་གནང༌། འཕགས་པ་དོན་ཡོད་ཞགས་པ་དཔའ་བོ་གཅིག་པའི་རྗེས་སུ་གནང་བ་གསོ་སྦྱོང་རང་གིས་བླང་བའི་ཆོ་ག་དང་བཅས་པ་གསན་ཞིང༌། འདི་ཉིད་ཀྱི་དཀར་ཕྱོགས་ཀྱང་ལན་བརྒྱ་རྩ་བརྒྱད་རྫོགས་པར་མཛད་དོ། །དེ་དག་གི་བསྟན་པ་བསྲུང་བ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་ལྷ་བརྒྱད། པུ་ཏྲ། ཕྱི་ནང་གི་ཟངས་གྲི་ཅན་གཉིས་རྣམས་ཀྱི་རྗེས་སུ་གནང་བ། སྒྲུབ་ཡིག་གསང་བ་ཡིད་བཞིན་ནོར་བུ་སོགས་མན་ངག་གི་ཡི་གེ་རབ་ཏུ་མང་པོ། སྟོབས་འཕྲོག་དབང་པོ་གདོང་བཞི་པ། དཔལ་དུར་ཁྲོད་ཀྱི་བདག་པོ། དཀར་མོ་ཉི་ཟླ་བདུད་རྒྱལ་ཐོད་འཕྲེང་ཅན། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཞི་བ་ནོར་དུ་སྒྲུབ་པ་སེར་ཆེན་དང༌། གསང་སྒྲུབ་ལྗང་སེར། བེ་ཅོན་མ་རྣམས་ཀྱི་རྗེས་སུ་གནང་བ། དེ་དག་སོ་སོའི་མན་ངག་གི་ཡི་གེ་ཕལ་ཆེ་བ་དང་བཅས་པ་གསན་ཞིང༌། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། མཚན་ཡང་དག་པར་བརྗོད་པ་རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་བཀྲལ་བ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་འགྲེལ་ཆེན་དང༌། སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པའི་སྔགས་དོན་རྣམས་གཟིགས། རྡོ་རྗེ་འཆང་གཉིས་པ་རྗེ་བཙུན་ས་སྐྱ་པ་མེས་དབོན་ལྔའི་བཀའ་འབུམ་པོ་ཏི་ཉི་ཤུ་རྩ་ལྔ་ཡོངས་སུ་རྫོགས་པའི་སོགས་རྒྱུད་སྡེ་བཞི་དང་རྗེས་སུ་འབྲེལ་བའི་ཆོས་ཀྱི་ཚུལ་དཔག་གིས་མི་ལང་བ་ཞིག་གསན་ལ། བླ་མ་འདིའང་ཆེས་སྐུ་དྲིན་ཆེ་བས་ལོ་དུས་ཀྱི་བཅོ་བརྒྱད་མཆོད་པ་རྒྱ་ཆེན་པོ་མཛད་པ་ཡིན་ནོ། །གཞན་ཡང་རྡོ་རྗེ་ཐེག་པའི་གཞུང་ལུགས་དུ་མ་ལ་དབང་འབྱོར་ཞིང་གཞན་གྱི་དོན་ལ་སྐྱོ་བ་སྤངས་པའི་གྲུབ་ཆེན་རྣལ་