[A:༢༧༥]འབྱོར་གྱི་དབང་ཕྱུག་བྱ་འགྱུར་བ་བསོད་ནམས་སེང་གེ་ཞེས་གྲགས་པ་དེ་ཉིད་སྐུ་གཞོན་ནུའི་དུས་ནས་བཟུང་སྟེ་ཡུན་རིང་པོའི་བར་དུ་བསྟེན་ཞིང་མཉེས་པར་མཛད་དེ་སྔ་ཕྱིར་གསུང་གི་བདུད་རྩི་བཞེས་པ། གཉིས་སུ་མེད་པའི་རྒྱུད་དཔལ་ཀྱེ་རྡོ་རྗེའི་ལམ་གྱི་སྙིང་པོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡོངས་སུ་རྫོགས་པ་ཚར་གཉིས་ཆ་ལག་དང་བཅས་པ་དང༌། ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད། དཔལ་ཀྱེ་རྡོ་རྗེ་འགྲེལ་པ་ལུགས། མཚོ་སྐྱེས་ལུགས། ནག་པོ་ལུགས་ཀྱི་དཀྱིལ་འཁོར་བཞི་རྣམས་ཀྱི་དབང༌། གུར་རིགས་བསྡུས་པ་མཁའ་འགྲོ་ལྔའི་དབང་གསན་ཏེ། རྗེ་བཙུན་ཆེན་པོས་མཛད་པའི་ས་བཅད། འགྲེལ་པ་གུར་རྒྱན། མཆན་བུ་རྣམས་ཀྱི་སྟེང་ནས་རྡོ་རྗེ་གུར་གྱི་རྒྱུད་ཀྱི་བཤད་བཀའ་ཡོངས་སུ་རྫོགས་པ། དེའི་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཕྱག་ཁྲིད་ཞིབ་པ་དང་བཅས་པ། སམྤུ་ཊིའི་རྒྱུད་ལས་གསུངས་པའི་དཔལ་རྡོ་རྗེ་དབྱིངས། དགྱེས་པ་རྡོ་རྗེ་དྲག་པོ་གདན་ཅན་ལྷ་བཅུ་བདུན་གྱི་དབང༌། ཤེས་རབ་ཀྱི་རྒྱུད་ལ། དཔལ་འཁོར་ལོ་སྡོམ་པ་ལོ་ནག་དྲིལ་གསུམ་གྱི་དབང༌། དེ་དག་སོ་སོའི་ཕྱག་ཁྲིད། ནག་པོ་རིམ་བཞིའི་ཉམས་ཁྲིད་དང༌། ལུ་ཧི་པ་སྨད་ལྔ། ནག་པོ་གཞུང་དྲུག་མན་ངག་ནག་འབུམ་དང་བཅས་པ། དྲིལ་བུ་སྐོར་གསུམ་རྣམས་ཀྱི་ལུང༌། དྲིལ་བུ་རིམ་ལྔའི་ཁྲིད་བྱིན་རླབས་དང་བཅས་པ། བདེ་མཆོག་རྩ་རྒྱུད་ཀྱི་བཤད་བཀའ་ཤིན་ཏུ་ཟབ་པ། དཔལ་མཁའ་འགྲོ་རྒྱ་མཚོ། མ་ཧཱ་མཱ་ཡ་ལྷ་ལྔ། པདྨ་དབང་ཆེན་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་དབང་རྣམས་གསན། ཐབས་ཀྱི་རྒྱུད་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས། འཇམ་པའི་རྡོ་རྗེ་ལྷ་བཅུ་དགུ །སྤྱན་རས་གཟིགས་ལྷ་བཅུ་དགུ་རྣམས་ཀྱི་དབང༌། གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དབང༌། རྣམ་རྟོག་འོད་གསལ་དང༌། ཤིན་ཏུ་སྤྲོས་མེད་ཀྱི་བྱིན་