[A:༢༩༨]དེ་དག་དུས་མཐར་བྱེད་པའི་དཔའ་བོ་རྣམས། །སྡིག་མེད་ས་ལམ་མང་པོ་ཅིག་ཅར་རྫོགས། །ཨེ་མ་སེམས་འདིའི་བྱེད་པ་མ་ལགས་སམ། །དེ་ལྟར་ཚུལ་དེ་ལྟ་བུས་བདུད་ཀྱི་དཀྱིལ་འཁོར་ཉམས་པར་བྱས་པས་ཕྱོགས་དེ་བདེ་སྐྱིད་ལྡན་ཞིང་སྒྲུབ་པ་ཟབ་མོ་མཆོག་ཏུ་འཕེལ་བར་གྱུར་མོད། སྐུ་འབུམ་པ་ཞེས་བྱ་བའི་མ་རུངས་པ་དེས་སྡེ་ཆེན་པོ་འགའ་ཞིག་ལ་བརྟེན་ནས། རི་ཁྲོད་ཇོ་ནང་འཇོམས་པའི་ཐབས་དུ་མ་ལ་ཞུགས་པ་གསན་པ་ན་རྒྱུ་དེ་ལས་ངན་པ་དེ་ཡུན་རིང་པོར་བདེ་བ་ཐོབ་པར་འགྱུར་སྙམ་དུ་དགོངས་ནས་མངོན་སྤྱོད་ཀྱི་ཐུགས་དམ་ཅུང་ཟད་མཛད་པ་ན། དམུ་རྒོད་དེ་ཁ་ནས་ཁང་ཁྲག་དྲོན་མོ་སྐྱུག་ཅིང༌། ནག་པོ་ཆེན་པོའི་རྣམ་པར་འཕྲུལ་པའི་བྱ་ནག་ཁྱི་ནག་ལ་སོགས་པས་བསྡིགས་པའི་སྣང་བ་མངོན་སུམ་དུ་ཤར་ཏེ་འགྱོད་ཅིང་སྐྲག་བཞིན་པའི་ངང་ནས་ལས་ངན་པའི་དབང་གིས་ཐོབ་པའི་ལུས་དེ་སྐད་ཅིག་ལ་བོར་ནས། རྣམ་ཤེས་རྡོ་རྗེ་མི་བསྐྱོད་པའི་ཞིང་དུ་ཡུད་ཀྱིས་སོང་བར་གྱུར་ཏོ། །འདི་ན་ནམ་ཡང་ཞི་བས་མི་འདུལ་བ། །དེ་དག་ཚུལ་འདིས་རྗེས་སུ་མི་འཛིན་ན། །ཐུགས་རྗེས་ལྷག་པས་ཕྱུག་པའི་རྒྱལ་བ་རྣམས། །ཁྲོ་བོའི་དབང་པོར་བཞེངས་པའི་དགོས་པ་ཅི། །བརྩེ་ལྡན་ཁྱོད་ཀྱི་མཐུ་སྟོབས་དུས་མཐའི་མེས། །སྡིག་པའི་ནགས་ཚལ་སྟུག་པོས་སྦགས་པའི་སེམས། །མི་གཙང་ལུས་དང་ལྷན་ཅིག་བསྲེགས་གྱུར་པའི། །སྐྱེ་བོ་དེ་ཡང་མཆོག་ཏུ་སྐལ་བ་བཟང༌། །དེའི་ཚེ་གསུང་ལས། སྐུ་འབུམ་པ་ཁོས་ཟག་པ་མང་པོ་བསགས་ཏེ་ང་རང་གི་སྔོན་གྱི་ལས་ངན་ཞིག་གི་འབྲས་བུ་ཡིན་ཡོད་སྙམ། བཟློག་འཁོར་ལ་སྐྱོན་པ་ཙམ་ཡང་མ་བྱས། ཕྱིས་ཁོས་ཇོ་ནང་ལ་མེ་རྒྱག་ཟེར་བ་ཐོས་པས་དེ་ལྟར་ན་ཁོང་རང་ཡང་ལས་