[A:༢༩༩]ངན་ཚབས་ཆེ་བ་ལས་མི་འདུག་སྙམ་ཁ་སྦྱོར་དབྱེ་བ་འདྲ་བསྒོམས་པ་ཡིན་ཏེ། ཁོང་ཁྲག་སྐྱུགས་ནས་ཤི་ཟེར། སྡུག་གེ་སྙིང་རྗེ་ད་ཁོའི་སྡིག་པ་སྦྱངས་དགོས་གསུང་རྡོ་རྗེ་མི་འཁྲུགས་པའི་ཆོ་ག་ལ་སོགས་པ་སྡིག་སྦྱོང་གི་ཐུགས་དམ་མང་དུ་མཛད་ཅེས་ཐོས་ཏེ། འདི་ནི་མི་ནག་མདུང་ཐུང་ཅན་དེད་དཔོན་སྙིང་རྗེ་ཆེན་པོས་བསྒྲལ་བ་དང་ཚུལ་མཚུངས་པར་སྣང་ལ། ཡང་མ་རུངས་པ་དེ་དག་གི་གཙོ་བོ་ཤུག་པ་དཀའ་བཅུ་པ་ཞེས་བྱ་བ་ཡོན་ཏན་གྱི་རྣམ་པ་ལྟར་སྣང་བ་ཐམས་ཅད་ཀྱང་སྐྱོན་ཁོ་ནའི་སྣོན་ཁར་སོང་བའི་དགེ་སྦྱོང་གི་གཟུགས་ཅན་ཞིག་ངན་ཕྱོགས་འཛིན་པའི་གྲོགས་རྣམས་དང་བྲལ་བས་ཞབས་འདྲེན་སྒྲུབ་པའི་ནུས་པ་མེད་བཞིན་དུ་ནམ་ཞིག་གླགས་རྙེད་པར་འགྱུར་སྙམ་དུ་ཆུ་སྐྱར་གྱི་བརྟུལ་ཞུགས་ལྷུར་ལེན་པ་ཞིག་གནས་པ་དེ་ལ་སྐབས་ཤིག་ཏུ་འཆི་ལྟས་ཀྱི་མཚན་མ་ཡ་ང་བ་མང་དུ་བྱུང་བས་སྐྲག་ནས་དྲུང་དུ་འོངས་ཏེ། དེ་ལས་ཇི་ལྟར་ཐར་བར་འགྱུར་ཞུས་པ་ན། དེ་ལ་འཁོན་དུ་འཛིན་པ་མི་མངའ་ཞིང་ཕན་པ་སྒྲུབ་པ་ལ་དགྱེས་པས་རྡོ་རྗེའི་བཟླས་པ་གནང་སྟེ། སྒྲུབ་ཏུ་བཅུག་པས་ཞག་བདུན་ནས་འཆི་བདག་ལས་ཐར་པའི་མཚན་མ་རྙེད་ནས་ལོ་ལྔའི་བར་ཚེ་བསྲིངས་ལ། གཡོ་རྒྱུ་ཅན་དེ་ཡང་དད་པར་གྱུར་ཏེ་འདི་ཕྱི་གཉིས་ཀ་བདེ་བ་ལ་གནས་པར་མཛད་པ་འདིས་མཚོན་ནས་གནོད་ལན་དུ་ཕན་པ་མཛད་པ་མང་དུ་ཡོད་མོད་ཀྱི་ཡི་གེས་འཇིགས་ནས་འདྲི་བར་མ་ནུས་སོ། །ཕན་བཏགས་པ་ལ་ཕལ་ཆེར་ཕན་འདོགས་ཀྱིས། །གནོད་ལན་ཕན་གྱིས་འཇལ་བ་ཁྱེད་གཅིག་པུ། །གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་མཆི་ཞེས། །དམ་པས་བསྔགས་