[A:༣༡༠]ཞིག་སྐྱེས་ནས་གསོལ་བ་བཏབ་པ་ཞིག་ཡོད་པ་འདི་བྲིས་གསུང༌། ཞལ་གཟིགས་པ་ལགས་སམ། སྐུའི་རྣམ་འགྱུར་སོགས་ཇི་ལྟར་འདུག་ཅེས་ནན་གྱིས་ཞུས་པས། ཞལ་གཟིགས་རང་ཟེར་རྒྱུ་མི་གདའ། སྐུའི་རྣམ་པ་ནི་ཀུན་མཁྱེན་ཆེན་པོ་ཇོ་ནང་པས་གཟིགས་པ་དེ་ག་ཇི་ལྟ་བ་ཡིན། གང་ནའང་བསྟོད་པ་འདི་བྱིན་རླབས་ཅན་ཅིག་ཡིན་གསུང༌། དེའི་སྦྱར་བྱང་དུ། ཞེས་འདི་རང་གི་ཁ་ཏོན་དུ། །རིང་མོ་ཞིག་ནས་སྦྱར་བ་ལས། །སླར་ཡང་མཁྱེན་བརྩེ་དབང་ཕྱུག་གིས། ཉེ་བར་བསྐུལ་ནས་བྲིས་པའོ། །གསུང་བ་མཛད་དེ། སློབ་དཔོན་ཆེན་པོ་དང་ཡང་དངོས་སུ་མཇལ་བར་སྣང་ལ། ཇོ་ནང་ཀུན་སྤངས་ཆེན་པོ་དང་དངོས་སུ་མཇལ་ནས་ཟབ་ལམ་ཡན་ལག་དྲུག་པའི་གནད་མང་པོ་ཞིག་གསན་པ་ཡིན་ནོ་ཞེས་གླེང་བ་ཡང་ཐོས་སོ། །གཞན་ཡང་བསྐྱེད་རིམ་ལ་བརྟན་པ་ཐོབ་པས་དབང་སོགས་མཛད་པའི་ཚེ་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་དེའི་སྐུ་མདོག་དང་མཐུན་པའི་སྐུ་མདངས་སུ་སྣང་བ་ཕལ་གྱིས་མཐོང་བ་བྱུང༌། བོ་དོང་རྫོང་དུ་དུས་འཁོར་གྱི་ཆོ་ག་དབང་གནང་བའི་བགེགས་སྐྲོད་ཀྱི་སྐབས་སུ་ཞལ་རས་མཐིང་ཤུན་གྱི་མདོག་ལྟ་བུ་ལ་མིག་གིས་ལྟ་བར་མི་བཟོད་པའི་ཟིལ་མངའ་བ། ངེད་ཅག་མི་དྲུག་གིས་བསྙོན་མེད་དུ་མཐོང་ཞིང་དེར་འཁོད་པ་ཐམས་ཅད་ཤེས་པ་འུར་ནས་ཕལ་ཆེར་ས་འཕགས་གནམ་འཕགས་ལ་སོང༌། དབང་གྲོལ་ནས་འདི་བཞིན་གདའ་ཞུས་པས་རྡོ་རྗེ་ཤུགས་དངོས་ཡིན་སྙམ་པའི་ང་རྒྱལ་བརྟན་པོ་ནི་བདོག་གསུང༌། འཇིགས་དུས་བསྐལ་པའི་མེ་ལྟར་འབར་བ་ཡིས། །འཇིགས་རུང་ཁྲོ་བོའི་དབང་པོར་བཞེངས་པའི་གར། །འཇིགས་པའི་བདུད་བཞི་འཇོམས་ལ་ཆས་པ་བཞིན། །འཇིགས་པའང་འཇིགས་པར་བྱེད་པའི་ཞལ་བཟང་མཆོག །སྒྲིབ་ལྡན་བདག་ལྟས་