[A:༣༡༡]མཐོང་བ་ལ་དཔགས་ན། །སྒྲིབ་བྲལ་འགའ་ཡིས་རྡོ་རྗེ་ཤུགས་ཉིད་དུ། །སྒྲིབ་མེད་གཟིགས་ལ་ཐེ་ཚོམ་ཅི་ཞིག་ཡོད། །སྒྲིབ་གཉིས་འཇོམས་ལ་དཔའ་ཁྱོད་བསམ་བཞིན་དྲན། །སྔ་མོའི་དུས་སྐྱིད་སྦུག་བླ་བྲང་ན་བཞུགས་པའི་ཚེ་ཉེ་གནས་ཁམས་པ་ཀུན་དགའ་བློ་གྲོས་ཀྱིས་སྔ་མོ་ཞིག་སྐུ་དྲུང་དུ་ཕྱིན་པ་ན་གཟིམས་མལ་ན་རྗེ་ཉིད་མི་བཞུགས་པར་འདུག །ཅུང་ཟད་དེར་བསྡད་པ་ན་ཇེ་ཞིག་ན་བཞུགས་ས་དེར་དཔལ་མགོན་སྟོབས་འཕྲོག་དབང་པོ་བྲམ་ཟེའི་གཟུགས་ཤིག་ལམ་མེ་བཞུགས་འདུག་པ་ནས་དགའ་བ་དང་སྐྲག་པ་མཉམ་དུ་བྱུང༌། ཕྱག་གཅིག་ཕུལ་ནས་ཕྱིར་འགྲོ་བར་བརྩམས་པ་ན་བྲམ་གཟུགས་དེས་རླུང་ཞིག་བུས་བྱུང་མ་ཐག་རྗེ་ཉིད་ཀྱི་སྐུར་བསྟན་ནས་ཞལ་འཛུམ་མཛད་དེ་གང་དགོས་པ་ཡིན་གསུང་བཀའ་ལུང་སྩལ་བ་ན། མཆི་མ་འཁྲུག་པའི་དད་པ་སྐྱེས་ཞེས་རྗེ་ཉིད་ལ་ཞུས་འདུག་པ་དང༌། གྲུབ་པའི་འཁོར་ལོ་སྒྱུར་བ་ལྕེ་སྟོན་པཎ་ཆེན་རིན་པོ་ཆེས་ནག་པོ་ཆེན་པོའི་མན་ངག་མེ་འབར་མའི་ལུང་གསན་པའི་ཚེ་ཞག་ཁ་ཡར་ལུང་ནམ་གནང་བའི་ཚེ་དཔལ་ནག་པོ་ཆེན་པོ་ཉིད་དུ་སྣང་ཞིང༌། ཞལ་འཕྲོས་སོགས་མཛད་པ་ན་ད་ལྟའི་སྐུའི་རྣམ་པར་གཟིགས་པས། ཕྱིས་སུའང་མཁན་རིན་པོ་ཆེ་གུར་མགོན་དངོས་ཡིན་གསུང༌། གུས་པའི་ཐལ་མོ་སྦྱོར་བ་ལྷུར་མཛད་པ་མཐོང་ཞིང་ཐོས་ལ། འདིས་མཚོན་ནས་ལས་དག་པའི་སློབ་མ་མང་པོས་གཟིགས་ཚུལ་དུ་མ་ཞིག་ཡོད་མོད་ཐམས་ཅད་བྲི་བར་མི་ནུས་སོ། །རྫོགས་རིམ་ཟབ་མོའི་མཐའ་ཀློང་དུ་གྱུར་པས་དགུན་ཁ་བ་བོལ་ནུབ་ཙམ་བབས་པ་ནའང་རྗེ་ཉིད་གང་དུ་བཞུགས་པའི་གཟིམས་ཁང་གི་སྟེང་དུ་ཁ་བ་ཅུང་ཟད་ཀྱང་གནས་མི་ཐུབ་པར་ཞུ་