[A:༣༡༢]འགྲོ་བ་དང༌། ཆབ་གྲང་མོ་ལ་ཆབ་ཞུགས་མཛད་པ་ན་སྐད་ཅིག་ལ་ཆུ་དེ་ལས་རླངས་པ་ཐོལ་གྱིས་འབྱུང་ཞིང༌། གྲང་བའི་རེག་བྱ་མི་བཟོད་པ་ལྟ་བུ་དེ་ཉམས་འགྲོའི་འདུག་པ་སོགས་ནི་བདག་ཅག་ལ་སོགས་པ་སྐུ་འཁོར་ཐམས་ཅད་ཀྱིས་མཐུན་གྲུབ་ཏུ་བྱུང༌། སྲོད་ལ་ལུང་གནང་བ་ཕལ་ཆེར་མར་མེས་མིག་ལ་གནོད་ཀྱི་འདུག་པས་ཕྱིར་སྟོན་ལ་ཞོག་གསུང༌། སྐུ་ངོས་ལ་གྲིབ་མ་ཡོང་བ་བྱས་པ་དེའི་ངང་ནས་ལུང་མཛད་པ་དང༌། ཕལ་ཆེར་མུན་ཁང་ཁོ་ནར་བཞུགས་ལ་སྦྱིན་བདག་ཆེན་པོས་སྐུ་མདུན་དུ་མར་མེ་ཁོར་ཡུག་ཏུ་འབུལ་ནའང་སྒྲིབ་ཡོལ་འཐུག་པོ་ཞིག་མཛད་དེ། རྟེན་རྣམས་ལ་སྣང་བ་འཆར་ལ་གཞན་ཐམས་ཅད་མུན་པར་འབྱུང་བ་དེར་གཞན་དག་གིས་མར་མེ་སོགས་མ་ཁྱེར་བར་བགྲོད་ཀྱང་མི་ཐུག་པ་དེར་ཕྱག་དཔེ་ཁོར་ཡུག་ཏུ་གཟིགས་ཤིང༌། དངོས་པོ་ཕྲ་མོ་ཚུན་ཆོད་གཟིགས་པ་ལ། དྲུང་ཆེན་སེར་པོ་བས། འདི་འདྲ་བ་ལ་ཕྱག་དཔེ་གཟིགས་ཀྱི་གདའ་ལགས་སམ་ཞུས་པས། རྗེ་དཔལ་ལྡན་བླ་མས་ནམ་ནག་ལ་ཕྱག་བྲིས་མཛད་པ་ལས། ཁམས་པ་ཞིག་གི་དྲུང་ནས་ཕྱག་རིས་བྱང་དྲགས་པས་རྒྱུས་ཀྱིས་ཡོད་པ་ལགས་སམ་ཞུས་པས། འམ་བུ་ལ་འོད་གསལ་གྱི་སྣང་བ་ཟླ་བ་ཤར་བ་ལྟ་བུ་རེ་རྒྱུན་དུ་ཡོད་གསུང་བ་ཡིན་པར་གདའ། གསུང་བ་ལས་གཞན་མི་གསུང༌། བདག་གིས་ཞུ་ཆ་ཞིག་འབུལ་བར་ཕྱིན་ནས་ཕྱག་དཔེ་ཞིག་ཁྲོག་ཁྲོག་མཛད་ཀྱི་འདུག །ཕྱག་བཙལ་ཏེ་བྱིན་རླབས་ཞུ་བ་ལ་ཕྱོགས་སླད་ནས་ག་ལེ་གྱང་ལ་འཇུ་ཞིང་ཕྱིན་པས་གང་ཡིན་གསུང་བྱིན་རླབས་གནང་བྱུང༌། བདག་གིས་ནི་བཞུགས་ས་ཡང་མི་རྙེད་པར་འདུག །ཞབས་དྲུང་རིན་པོ་ཆེས་ཕྱག་དཔེ་ཡང་གཟིགས་ཀྱི་ཡོད་པ་འདྲ་ཞུས་པས། ལོས་མཐོང་མུན་ཁང་རེ་རེ་ལས་མཐངས་དཀར་བ་གདའ།