[A:༢༥༥] དཔལ་གསང་བ་འདུས་པ་ལ་སོགས་པའི་རྒྱུད་སྡེ་མཐའ་དག་གི་གསང་བ་འཛིན་ཅིང༌། རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྟན་པ་ཐོབ་པས་ཞག་མང་པོར་འོད་གསལ་ལ་རྩེ་གཅིག་ཏུ་གཡེལ་བ་མེད་པར་བཞུགས་པ་དང༌། བར་དོའི་སེམས་ཅན་དཔག་ཏུ་མེད་པ་གྲོལ་བར་མཛད་པ་སོགས་ངོ་མཚར་བའི་མཛད་པ་བརྗོད་ཀྱིས་མི་ལང་བ་མངའ་བ་དེ་ཉིད་ནས་རིམ་བཞིན་བརྒྱུད་དེ། ཆོས་ཀྱི་རྗེ་དཀོན་མཆོག་རྒྱལ་མཚན་པ་ཞེས་བྱ་བ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་མཆོད་གཡོག་ཡུན་རིང་དུ་མཛད། དེ་ཉིད་དང༌། ཤར་གླིང་པ་རྒྱལ་མཚན་བཟང་པོ་ལ་སོགས་པ་དམ་པ་དུ་མ་བསྟེན་ནས་ལུང་རྟོགས་ཀྱི་ཡོན་ཏན་དུ་མས་རྒྱུད་མཛེས་པར་མཛད་ཅིང༌། སྒོ་རུམ་གྱི་གཟིམས་ཁང་ཞིག་ཏུ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལ་བསྙེན་པ་མཛད་པས་གྲུབ་པའི་མཚན་མ་མང་དུ་ཐོབ། ཁྱད་པར་མཐུ་སྟོབས་ཀྱི་དབང་ཕྱུག་གདོང་བཞི་པ་མ་བསྒྲུབས་བཞིན་དུ་མངོན་སུམ་དུ་ཞལ་སྟོན་འདོད་པའི་དངོས་གྲུབ་བསྩལ་བ་ན། རྡོ་རྗེ་འཆང་ཐུགས་མ་ཞེས་བྱ་བའི་བསྟོད་པ་ཡང་མཛད། དེ་ལྟ་བུ་དེ་སྒོ་རུམ་གྱི་གདན་ས་མཛད་བཞིན་པའི་ངང་ནས་དབེན་དགོན་གྱི་ཚུལ་དུ་དཔལ་ལུང་གི་དགོན་པ་བཏབ། དེའི་མགོན་ཁང་དུ་མགོན་པོའི་འབུར་སྐུ་ཞིག་མཛད་པའི་རབ་གནས་ཀྱི་ཚེ། སྐྱེད་ལྷས་ཕྱོགས་ནས་ཐོད་པ་རྫས་སྣ་ཚོགས་ཀྱིས་ཕྱུར་བུར་གང་བ་ཞིག་ནམ་མཁའ་ལ་བྱ་འཕུར་བ་བཞིན་བྱུང་སྟེ། ལྡེར་སྐུ་ལ་ཐིམ་པར་སྐྱེ་བོ་མང་པོས་མངོན་སུམ་དུ་མཐོང་བ་དང༌། དཔལ་ལུང་དང༌། སྐྱེད་ལྷས་ཀྱི་བར་ལ་རྐང་རྗེས་མདའ་གང་ཙམ་གྱི་ཚད་དང་ལྡན་པ་སྤང་སོགས་ཀྱི་ལྡེབས་ལ་ལྕགས་བསྲེགས་རྒྱབ་པ་བཞིན་དུ་གསལ་བ་སོགས་མགོན་པོ་དངོས་སུ་བྱོན་པའི་ཆོ་འཕྲུལ་འཇིགས་སུ་རུང་བ་དུ་མ་སྟོན་པར་མཛད་པ་དེ་ནས་བཟུང་སྟེ། དཔལ་སྒོ་རུམ་གྱི་གཙུག་ལག་ཁང་ཆེན་པོ་དང༌། དཔལ་ལུང་དགོན་གཞིས་དང་བཅས་པ་སྟབས་གཅིག་ཏུ་བཟུང་