[A:༢༥༦]བས་བླ་མ་འདི་བརྒྱུད་པ་དང་བཅས་པ་ལ་དཔལ་སྒོ་རུམ་པ་ཞེས་ཉི་ཟླ་ལྟར་གྲགས་པ་ཡིན་ནོ། །རབ་འབྱམས་རྒྱལ་བ་ཀུན་དངོས་ནག་པོ་ཆེའི། །ཐུགས་ཀྱི་གསང་བ་ཀུན་ལ་དབང་སྒྱུར་སླད། །འདི་དག་སྲུང་མ་འདི་དང་དབྱེར་མེད་ཅེས། །རྟེན་གྱི་མིང་ནི་བརྟེན་པ་ལ་གྲགས་གྱུར། །བླ་མ་དེའི་དབོན་པོ་མཁན་པོ་ཀུན་དགའ་གྲུབ་པ། དེ་ནས་རིམ་བཞིན་སློབ་དཔོན་དབོན་པོ་ཀུན་དགའ་རིན་ཆེན། མཁན་པོ་དཔལ་ལྡན་སེང་གེ །འགྲོ་མགོན་བློ་གྲོས་དཔལ་བ། བླ་མ་ནམ་མཁའ་དཔལ་བཟང༌། ཆོས་རྗེ་རིན་ཆེན་བཟང་པོའི་བར་དུ་བྱོན་པ་དེ་དག་ཀྱང་ཚུལ་ཁྲིམས་རྣམ་པར་དག་པས་རྒྱུད་མཛེས་ཤིང༌། ལུང་དང་རིགས་པ་མཐའ་དག་ལ་སྦྱངས་པ། ལྷག་པར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ནས་བརྒྱུད་པའི་རྒྱུད་དང་གདམས་ངག་མ་ལུས་པ་ལ་དབང་འབྱོར་པ། རིམ་པ་གཉིས་ལ་བརྟན་པ་ཐོབ་ཅིང་ནག་པོ་ཆེན་པོ་བྲན་བཞིན་དུ་འཁོལ་བར་ནུས་པ། བསྟན་པ་རིན་པོ་ཆེ་ལ་ལྷག་པར་བྱ་བ་བྱས་པ་ཤ་སྟག་བྱོན་པ་ཡིན་ལ། ཆོས་རྗེ་རིན་ཆེན་བཟང་པོ་ལ་དབོན་པོ་གསུམ་བྱོན་པའི་ཆེ་བ་ཆོས་རྗེ་སངས་རྒྱས་རྒྱལ་མཚན་པ་སྟེ། འདི་གཞོན་ནུ་ལ་རབ་ཏུ་བྱུང༌། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་དང་ཏའི་གུ་ཤྲི་ཡོན་ཏན་རྒྱ་མཚོ་ལ་སོགས་པ་དམ་པ་དུ་མ་བསྟེན་ནས། སྤྱིར་མདོ་སྔགས་མཐའ་དག་དང༌། ཁྱད་པར་རྒྱུད་གསུམ་མན་ངག་དང་བཅས་པ་ལ་མཁས་པར་སྦྱངས། ཆོས་ཀྱི་རྒྱལ་པོས་ལྷ་ཁང་བླ་བྲང་གི་གུར་གྱི་སྒྲུབ་མཆོད་ཀྱི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་ནས། གུར་གར་ལ་སོགས་པ་ཆོས་རྗེ་བླ་མ་དམ་པའི་བཞེད་པ་རྨ་མེད་པ་རྣམས་ཤིན་ཏུ་རྒྱས་པར་མཛད་པ་སོགས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་མཛད། ནག་པོ་ཆེན་པོ་བྲན་དུ་འཁོལ་བས་ཚིག་ཙམ་གྱིས་འཕྲིན་ལས་འགྲུབ་པ་ཡིན་ཏེ། ཏེ་ར་བ་ཞེས་བྱ་བས་དམག་རོགས་མང་པོ་དང་བཅས་ཏེ་དཔལ་ལུང་པ་རྣམས་འཇོམས་པར་རྩོམ་པ་ན། དཔལ་ལུང་པ་རྣམས་ཀྱང་འཐབ་པ་ལ་ཆས་པ་རྗེ་