[A:༣༣༧]ཉེ་འབྲེལ་ཐམས་ཅད་བློས་བཏང་འཇིག་རྟེན་བྱ་བ་འགྲུབ་པར་དཀའ་ལ་རྣོག་ཆུང་བ་ཐམས་ཅད་ཀྱང་རྒྱང་དུ་བསྐྱུར་ནས། ཁྲིད་གྲོལ་མ་ཐག་ཉིད་ཀྱི་དྲུང་དུ་རབ་ཏུ་བྱུང་ཞིང་ཚངས་སྤྱོད་ཀྱི་བརྟུལ་ཞུགས་ལྷུར་ལེན་པ་ལོ་རེ་བཞིན་ཡང་བཅུ་ཕྲག་གཉིས་ཙམ་རེ་སྟར་ཆགས་ཀྱིས་འབྱུང་བས། ཀུན་དགའ་དང༌། ལེགས་པ་དང༌། བློ་གྲོས་ལས་གྲས་ཏེ་མིང་བཏགས་པ་ཁོ་ན་ཡང་གྲངས་ལས་འདས་པ་ཞིག་ཡོད་ལ་དེ་དག་ཀྱང་ལྟོ་གོས་ཀྱིས་རབ་ཏུ་བྱུང་བ་ཙམ་མ་ཡིན་པས། ལོ་གསུམ་ཕྱོགས་གསུམ་གྱི་དམ་བཅའ་ལ་གནས་པས་འདག་སྦྱར་ཆུ་བུག་སྒོ་ལ་བཞུགས་པ་དྲུག་ཅུ་བདུན་ཅུ་ཙམ་ཁོར་ཡུག་ཏུ་བྱུང་ཞིང་ལོ་གསུམ་ཕྱོགས་གསུམ་གྱི་དམ་བཅའ་མཐར་ཕྱིན་པའི་སྒྲུབ་ཆེན་ཕོ་མོ་དབྱར་མཚམས་དགུན་མཚམས་འཆག་མེད་མཛད་པ་བརྒྱ་ཕྲག་གསུམ་ཙམ་རྒྱུན་མ་ཆད་པར་བྱུང་བས། བསྟན་པ་རིན་པོ་ཆེའི་སྙིང་པོ་སྒྲུབ་བརྒྱུད་ཀྱི་བསྟན་པ་ཆེས་ཆེར་གསལ་ཞིང་རྒྱ་ཆེར་དར་བར་མཛད་པ་ཡིན་ནོ། །ཨེ་མ་ངེས་དོན་ཆོས་ཀྱི་སྒྲ་དབྱངས་མཆོག །ལན་བརྒྱར་བསྒྲགས་ནས་གྲངས་མེད་གདུལ་བྱ་རྣམས། །ངེས་པར་གྲུབ་པའི་ས་ལ་འགོད་མཛད་ཁྱོད། །བསམས་བཞིན་སྙིང་གི་དཀྱིལ་ནས་ལྷག་པར་དྲན། །སྙིགས་མའི་དུས་འདིར་ཟབ་ལམ་ཆེས་ཉམས་པ། །གསོ་བར་མཛད་ལ་ངལ་བ་མ་མཆིས་པས། །ངེས་དོན་མངའ་བདག་ཀུན་མཁྱེན་ཇོ་ནང་པ། །བསམས་བཞིན་ཞིང་འདིར་སླར་ཡང་བྱོན་པ་སྙམ། །དམིགས་བཅས་སྟོང་ཉིད་མཁའ་དབྱིངས་ལས་འོངས་པའི། །དམིགས་མེད་སྙིང་རྗེ་རྒྱས་པའི་འོད་ཕྲེང་གིས། །རྟོག་སྒོམ་མུན་པ་མཐའ་དག་དྲུང་འབྱིན་ན། །རྣམ་