[A:༣༣༨]རྟོག་ཀུ་མུད་ཟུམ་ལ་ཐེ་ཚོམ་ཅི། །ཨ་ཧོ་དམ་པའི་ཞལ་བཟང་ཟླ་དབང་ལས། །ལེགས་འོང་གདམས་པའི་འོད་དཀར་གྱིས་མྱོས་པས། །སྙིང་གི་ཟེ་འབྲུ་བཞད་ལྡན་ཀུནྡའི་ཚོགས། །དེ་དག་གྲུབ་གཉིས་སྟོན་ཀའི་དཔལ་གྱིས་འཁྱུད། །ད་དུས་ལྗོངས་དེར་འཁོར་བའི་མི་ལུས་ལས། །དེ་དུས་ཕྱོགས་དེའི་དུད་འགྲོ་སྐལ་བ་བཟང༌། །སྙིགས་དུས་འདི་ལའང་མཆོག་གི་བླ་མ་དང༌། །མཇལ་དུས་ངོ་མཚར་ལྟས་མོ་ཇི་སྙེད་མཐོང༌། །མཐོང་བཞིན་མཐོང་བྱ་བྲལ་བའི་སྟོང་ཉིད་གཟུགས། །གཟུགས་མེད་གཟུགས་བཟང་རྡུལ་བྲལ་སྣ་ཚོགས་སྣང༌། །སྣང་བཞིན་སྣང་བས་སྟོང་པའི་འོད་གསལ་དབྱིངས། །དབྱིངས་དེ་དབྱིངས་ལས་མ་གཡོས་བཞིན་དུ་མཐོང༌། །ཀྭ་ཡེ་ཤེས་ལྡན་ཁྱེད་རྣམས་ཚུར་ཉོན་དང༌། །དང་པོའི་སངས་རྒྱས་བཞེད་པ་ཇི་ལྟའི་དོན། །དོན་བཞིན་སྟོན་མཁས་བཅུ་གཉིས་པ་ཡི་བདག །བདག་གི་བླ་མ་འདི་ལས་གཞན་སུ་ཡོད། །གཞན་ཡང་དེར་བཞུགས་པའི་ཚེ། རྗེ་བཙུན་དབོན་རིན་པོ་ཆེ་སྐུ་གཞོན་ནུར་གྱུར་པ་ཞིག་དང༌། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བསིང་བཤོང་མཁན་པོ་བཀྲ་ཤིས་སེང་གེ་བ་ལ་སོགས་པའི་དགེ་བའི་བཤེས་གཉེན་དུ་མ་ལ། ཀྱེ་རྡོ་རྗེ་བཀའ་བབས་བཞི། གུར་སམ། བདེ་མཆོག་ལོ་ནག་དྲིལ་གསུམ། གསང་བ་འདུས་པ་ལུགས་གསུམ་ལ་སོགས་པའི་དབང་མང་པོ། སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོ་ལ་སོགས་པའི་རྗེས་གནང་མང་པོ། རྗེ་བཙུན་ས་སྐྱ་པ་གོང་མ་ལྔའི་བཀའ་འབུམ་ལ་སོགས་པ་ལུང་གི་ཚོགས་རབ་ཏུ་མང་པོ་ཉིན་མཚན་བར་མ་ཆད་པར་གསུང་ཀྱེ་རྡོ་རྗེ་དྲག་པོ་གདན་ཅན་གྱི་དབང་མཛད་པའི་ཚེ་སྒྲུབ་ཆེན་མ་བགྲེས་མོ་ཞིག་ལ་ནམ་མཁའི་ཁ་དོག་དྲིས་པ་ན། དཀྱིལ་འཁོར་གྱི་དབུས་ཕ་གི་ན་ལྷ་ནག་པོ་དབུ་དང་