[A:༡༢ན - ༡༣ན]༄༅། །བརྒྱ་འདྲའི་བླ་བྲང་བཅུ་གསུམ་སྟེ་བཞི་བཅུ་རྩ་བཞི། དེའི་ནང་ནའང་མཆོད་ཆ་རྟེན་གསུམ། མཆོད་རྫས་ཕྱིའི་གསེར་འབུམ་གསེར་ཐོག་ལ་སོགས་མཐའ་ཡས་པ་དཀར་ཆག་ཆེན་མོར་ཤེས་སོ། དཔེར་མཚོན་ན། གུ་རུམ་དཔེ་ཁང་གཅིག་པོ་ན་པོ་ཏི་སྟོང་གསུམ་བརྒྱ་གསུམ་བཅུ་རྩ་བཞི། བརྒྱ་དཔེའི་བཀའ་འགྱུར་ཆ་གཅིག་སོགས་དང། དབུ་རྩེ་སྙིང་མ་ན་ཧོར་གོས་ཀྱི་འཕན་ནག་ཏུ་གྲགས་པ་མི་ཁུར་བཅུ་གཉིས། གསེར་ཕན་ཆེན་མོ་སངས་རྒྱས་སྟོང་སྐུ་ཚང་བ་ཧོར་གོས་ལས་གྲུབ་པ་མི་བཅོ་བརྒྱད། དར་གྱི་བཀྲིས་ཁ་རིངས་ཤར་ནུབ་ཀྱི་བླ་བྲང་སོ་སོ་ནས་སྐྱོང་དར་ཆེན་མོ་ལྔ་བཅུ་སོགས་བརྗོད་ཀྱི་མི་ལང་བ་དང། སྟོན་པ་མྱ་ངན་འདས་ནས་ལོ་གསུམ་སྟོང་དྲུག་བརྒྱ་གསུམ་བཅུའི་སྟེང་དུ་སླེབ་འདི་ཡན་ལ་མེ་མོ་སྦྲུལ་དམར་སེར་ཅན་གྱི་ལོ་ཡན་གྱི། འབྲས་བུའི་དུས་ལྔ་བརྒྱ་པ་ཕྲག་གསུམ། མངོན་པར་རྟོགས་པའི་ལྔ་བརྒྱ་པ་ཕྲག་གསུམ། ལུང་གི་སྟེང་ནས་མངོན་པའི་ལྔ་བརྒྱ། མདོ་སྡེའི་སྟེང་ནས་བརྒྱ་དང་གསུམ་བཅུ་སོང་ངོ།། དཔལ་ལྡན་ས་སྐྱ་ཆུ་མོ་གླང་ལ་བཏབ་ནས་མེ་མོ་སྦྲུལ་གྱི་ལོ་འདི་ཡན་ལ་ལོ་བཞི་བརྒྱ་དང་ཉི་ཤུ་རྩ་ལྔ་སོང་བ་ཡིན། བྱང་ར་སྒྲེང་བཏབ་ནས་ལོ་བཞི་བརྒྱ་དང་བཞི་བཅུ་ཞེ་གཅིག། གསང་ཕུའི་བཤད་གྲྭ་ཆེན་མོ་གཙུག་ནས་རྔོགས་ལོ་ཆེན་པོ་འཁྲུངས་པ་ནས་ལོ་བཞི་བརྒྱ་དང་སོ་དགུ་ལོན་པ། ལྷ་ས་སྨོན་ལམ་གཙུགས་ནས་བརྒྱད་བཅུ་རྩ་དགུ་ལོན་པ། ཨེ་ཝམ་ཆོས་ལྡན་བཏབ་ནས་དྲུག་བཅུ་རྩ་དགུ། ན་ལེནྜ་བཏབ་ནས་དྲུག་བཅུ་རྩ་གཉིས་ལོན་པ་ཡིན་ནོ། ད་དུང་ཡང་དཔལ་ལྡན་ས་སྐྱ་པའི་བསྟན་པ་ཡུན་རིང་དུ་གནས་པ་གྱུར་ཅིག། འདིར་ནི་གདུང་བརྒྱུད་རིན་པོ་ཆེ་རྣམས་ཀྱི་ཆེ་བའི་རྣམ་པར་ཐར་པ་མདོ་ཙམ་སྨོས་པ་ཡིན་ལ། ཞིབ་ཏུ་རྒྱས་པ་ནི། རྗེ་བཙུན་གོང་མ་རྣམ་གྱི་སོ་སོའི་རྣམ་ཐར་པ་དང། གདུང་རབས་ཀྱི་ཡི་གེ་ཆེན་མོ་རྣམས་ལས་ཞིབ་ཏུ་རྒྱས་པར་བྱོས་ལ་མོས་པ་ཆེན་པོ་སྐྱེད་པར་རིགས་སོ།། རྗེ་བཙུན་ཆེན་པོ་སོགས་ཀྱི་འཕྲིན་ལས་མཛད་པ་མདོ་ཙམ་བརྗོད་ན་ནི། དཔལ་ལྡན་ས་སྐྱར་རྗེ་བཙུན་གྲགས་པས་རྒྱུད་སྡེ་གསུངས་པ་དང། རྒྱ་ནག་ཅོང་ཏའི་མཁར་གྱི་ཡུལ་ལྗོངས་སུ་སྐུའི་བཀོད་པ་ཅིག་ཆར་ཆོས་སྟོན་པ། དཔལ་ལྡན་ས་སྐྱ་པའི་ཁྱད་ཆོས་ཡིན། ཧོར་སོག་གི་དམག་ཆེན་པོ་འོང་བའི་འབྲུག་སྒྲ་ཡིས།། བོད་ཁམས་ས་གཞི་འདར་བའི་འཇིགས་སྐྲག་ལས།། མྱུར་དུ་སྐྱོབ་པའི་འཕྲིན་ལས་མཐའ་ཡས་པའི།། དཔལ་ལྡན་ས་སྐྱ་པའི་ཁྱད་ཆོས་ཡིན།། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་དང། མདོ་ཁམས་གིར་གླིང་རྟའི་ཆོལ་ཁ་དང། རྒྱ་ཧོར་མིའི་ཆོལ་ཁ་གསུམ་དབང་བ། དཔལ་ལྡན་ས་སྐྱ་པའི་ཁྱད་ཆོས་ཡིན། རྒྱ་ནག་ཤར་ཕྱོགས་རི་བོ་རྩེ་ལྔ་ནས།། བལ་པོ་སྐྱི་རོང་མངའ་རིས་ཏི་སེའི་བར།། དམ་པ་ཆོས་ཀྱི་འཁོར་ལོས་བསྒྱུར་བ་འདི།། དཔལ་ལྡན་ས་སྐྱ་པའི་ཁྱད་ཆོས་ཡིན།། ཁྲི་བསྐོར་བཅུ་གསུམ་ཕལ་ཆེར་རང་རང་གིས།། ཆོས་སྡེ་སོ་སོའི་ཞབས་ཏོག་