[A:༥བ]ལྕགས་ཕོ་འབྲུག་གི་ལོ། སྨལ་པོའི་ཟླ་བའི་ཉི་ཤུ་གཉིས་ཀྱི་སྔ་དྲོ། ལྷ་ཁང་བླ་བྲང་དུ་སྐུ་གཤེགས། གཅུང་འགྲོ་མགོན་ཕྱག་ན་རྡོ་རྗེ། ས་མོ་ཕག་གི་ལོ་ལ། གཡས་རུ་མདོག་གི་གད་བླེ་མོར་འཁྲུངས། དགུང་ལོ་ཉི་ཤུ་རྩ་དགུ་པ། མེ་མོ་ཡོས་བུའི་ལོ། ཟླ་བ་བདུན་པའི་ཚེས་གཉིས་ལ། སྒོ་རུམ་དཔེ་ཁང་དུ་གཤེགས། མ་གཅིག་གཉིས་པ་ཡུལ་ས་སྐྱའི་ཆུ་མདོ། ཕ་མིང་རྗེ་རྩད། མིང་མ་གཅིག་ཇོ་འགྲོ་དེའི་སྲས། སློབ་དཔོན་རིན་ཆེན་རྒྱལ་མཚན་ས་ཕོ་ཁྱིའི་ལོ་ས་སྐྱར་འཁྲུངས། དགུང་ལོ་བཞི་བཅུ་ཞེ་གཉིས་པ། མེ་མོ་ཡོས་བུའི་ལོ། ཟླ་བ་གསུམ་པའི་ཚེས་བཅུ་ལ་མེ་ཏོག་ར་བར་གཤེགས། དེའི་ལྕམ་མོ་སློབ་དཔོན་མ་མདོ་སྡེ་ལ་མུས་ཚེན་རྒྱལ་མཚན་དཔལ་འཁྲུངས་ཟེར་རོ།། བཙུན་མོ་གསུམ་པ། ཡུལ་གཞིས་གུང་ཐང་མ། ཕ་མིང་གུང་ཐང་གི་རྩད་པ། མིང་མ་གཅིག་ལྷ་གཅིག་མཛེས་ལ། དེ་ལ་སྲས་མོ། ཨ་ཅེ་སློབ་དཔོན་མ་བསོད་ནམས་འབུམ། རྟེན་བཙུན་མ། ཇོ་མོ་གླིང་བཏབ་ནས་འཆད་ཉན་མཛད། ནུ་མོ་སློབ་དཔོན་མ་ཉི་མ་འབུམ། གུང་ཐང་མངའ་བདག་བཀྲ་ཤིས་རྩེགས་པ་དཔལ་གྱི་བཙུན་མོ་ལ་བྱོན་པ་ལ་སྲས་འབུམ་ལྡེ་མགོན་ནག་པོ་འཁྲུངས། བཙུན་མོ་བཞི་པ་ཡུལ་གཡའ་ལུང་མ། མིང་ཇོ་མོ་ཧོར་ལྕམ། ཇོ་ལྕམ་ཧོར་མོ་ཡང་ཟེར། དེ་ལ་སྲས་མོ་སློབ་དཔོན་མ་རིན་ཆེན་འབྱུང་གནས། བཙུན་མོ་ལྔ་པ་ཡུལ་