R873: དཔལ་ལྡན་ས་སྐྱ་པའི་འཁོན་གྱི་གདུང་རབས།

  • Pagination (Witness A): ༦ན
[A:༦ན]༄༅། །མངའ་རིས་གུང་ནང་པ། ལྷ་གཅིག་མཛེས་མའི་ཉེ་གནས་མ། མིང་མ་གཅིག་རྡོ་རྗེ་ལྡན། དེ་ལ་སྲས་སློབ་དཔོན་ཆེན་པོ་ཡེ་ཤེས་འབྱུང་གནས། ས་ཕོ་ཁྱི་ལ་ས་སྐྱའི་བསམ་གླིང་དུ་འཁྲུངས། དགུང་ལོ་སུམ་བཅུ་སོ་བདུན་པ། ཤིང་པོ་ཁྱིའི་ལོ། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ལ་འཇང་ཡུལ་དུ་གཤེགས། འདི་ལས་དེང་སང་གི་ཞལ་ངོ་ཕལ་ཆེ་བ་གྱེས་སོ།། མདོར་ན་སློབ་དཔོན་ཚངས་ཚ་ལ་སྲས་ཕོ་བཞི། སྲས་མོ་བཞི་སྟེ་བརྒྱད་འཁྲུངས་སོ།། ཡང་འཕགས་པ་རིན་པོ་ཆེའི་གཅུང་འགྲོ་མགོན་ཕྱག་ནས་བཙུན་མོ་གསུམ་བཞེས་པའི། རྒྱན་བུ་གོ་ཐན་གྱི་སྲས་མོ་བཙུན་མོ། མེ་འགའ་ཡུན་དང། མ་གཅིག་ལྡན་ཚ་ཆོས་འབུམ་ལ་སྲས་མ་བྱུང། བཙུན་མོ་གསུམ་པ་ཡུལ་ཞལ་ལུ་མ། ཕ་མིང་སྐུ་ཞང་མངའ་སྒྲ། ཧོར་རྒྱལ་པོའི་ནང་བློན་ཡིན། མིང་མ་གཅིག་ཁྲོ་འབུམ། དེ་ལ་སྲས་བདག་ཉིད་ཆེན་པོ་དྷརྨ་ཕ་ལ་རཀྵི་ཏ། ས་ཕོ་འབྲུག་གི་ལོ་ཟླ་བ་དང་པོ་ལ་ཞལ་ལུ་ཁང་གསར་དུ་འཁྲུངས། དགུང་ལོ་ཉི་ཤུ་པ། མདོ་ཁམས་ཏྲེའི་ས་ཆ་ཏྲེ་མཎྜལ་ཁུད་དུ་གཤེགས། དེ་ལ་རྒྱལ་བུ་ཇིམ་བུག་ཐེ་མུར་གྱི་སྲས་མོ་དཔོན་མོ་དཔལ་ལྡན་གནང་ཡང་སྲས་མ་བྱུང། དེ་རྗེས་ཇོ་འབྲོ་སྟག་འབུམ་ཁབ་ཏུ་བཞེས་པའི་སྲས། དྷརྨཱ་ཞེས་བྱ་བ་འཁྲུངས་ཀྱང། ཆུང་ངུ་ལ་སྐུ་གཤེགས། ཕྱག་ནའི་གདུང་རབས་དེས་རྫོགས་སོ།།