[A:༦༥] ཀུན་དགའ་རྒྱལ་མཚན་ཡོངས་འཛིན་བློ་གྲོས་རྒྱ་མཚོ་སོགས་ལས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་གསན། སྐུ་ན་ཕྲ་མོ་ནས་དམ་པའི་རིགས་སད་པའི་སྤྱོད་པ་ངོ་མཚར་བསམ་གྱིས་མི་ཁྱབ་པ་དང་། འཆད་སྤེལ་གྱི་ཕྲིན་ལས་རྒྱུན་མི་འཆད་པར་མཁས་དང་གྲུབ་པའི་གཙུག་གི་ནོར་བུར་ཞབས་ཀྱི་པད་མོ་བརྟན་བཞིན་པ་འདི་ལྟར་ལགས་སོ༎ ། ༎གདན་ས་འོག་མ་གཙང་རྩེ་གདོང་ནི། བདག་ཆེན་ཀུན་དགའ་བསམ་འགྲུབ་སོགས་དུས་མཆོད་བླ་བྲང་གི་གདུང་རབས་རྣམས་ཀྱིས་སྐྱོང་། ཁྲི་ཆེན་བསོད་ནམས་ལྷུན་གྲུབ་སོགས་བསྟན་འཛིན་དམ་པའང་མང་དུ་བྱོན། ཕྱིས་སུ་གདུང་རབས་མེད་ཀྱང་། བར་སྐབས་སྐྱེ་སྤྲུལ་རིམ་བྱོན་དང་། དེང་སང་ས་སྐྱ་ནས་ཞལ་འཛིན་གནང༎ ། ༎གཞན་ཡང་དཔལ་ས་སྐྱ་པའི་བརྒྱུད་འཛིན་གྲགས་ཆེ་བ་འགའ་ཞིག་གི་གདན་ས་ལ། ངོར་ཨེ་ཝཾ་ཆོས་ལྡན་ནི། འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོའི་ཡེ་ཤེས་གཟིགས་པའི་ནོར་བུའི་མེ་ལོང་གཙང་མར་ཇི་ལྟར་ཤར་བ་བཞིན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་དགུང་ལོ་ཞེ་བརྒྱད་པ་ས་བྱ་ལོར་བཏབ། དེ་ལ་རྡོ་རྗེ་འཆང་འདི་ཉིད་ནི། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས།
དེ་ཚེ་འཇིག་རྟེན་མགོན་པོའི་སྤྲུལ་པ་འབྱུང་། །
དེ་ཚེ་དགེ་སློང་ཀུན་