[A:༦༦] དགའ་བཟང་པོར་སྤྲུལ། །
ཚུལ་ཁྲིམས་ཀྱིས་ཀྱང་ཁྱད་པར་འཕགས་གྱུར་ལ། །
ཐོས་པ་མང་ཞིང་ཕ་རོལ་ཕྱིན་པས་འཕགས། །
ཅེས་སོགས་དང་། མདོ་སྡེ་པདྨ་དཀར་པོ་ལས།
ཀུན་དགའ་བཟང་པོ་ང་ཡི་ཆོས་འཛིན་པ། །
བདེ་གཤེགས་བྱེ་བ་དྲུག་ཅུ་མཆོད་བྱས་ནས། །
མ་འོངས་དུས་ཀྱི་ཚེ་ན་རྒྱལ་བར་འགྱུར། །
ཞེས་རྡོ་རྗེའི་ལུང་གིས་གསལ་བར་བསྔགས་པ་བཞིན་འོད་གསལ་འཁོན་གྱི་རིགས་སུ་འཁྲུངས། ཆུང་ངུ་ནས་དད་བརྩོན་ཤེས་རབ་སོགས་རིགས་ཀྱི་རྟགས་རྣམས་སད། ཤར་ཆེན་ཡེ་ཤེས་རྒྱལ་མཚན། གྲུབ་ཆེན་བུདྡྷ་ཤྲཱི། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་སོགས་ལས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་གསན། མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད། བསྒོམ་པས་ཉམས་སུ་བླངས་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། འོད་གསལ་གྱི་སྣང་བར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་སོགས་ཀྱིས་རྗེས་སུ་བཟུང་། འཆད་སྤེལ་གྱི་ཕྲིན་ལས་ཀྱིས་རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པའི་བྱ་བ་མཛད། སྔགས་ཕྱོགས་གཙོ་བོར་གྱུར་པའི་གསུང་རབ་གླེགས་བམ་བཞི་བཞུགས། ལྷག་པར་རྒྱུད་སྡེ་བཞིའི་སྨིན་གྲོལ་གྱི་གདམས་པ་མཁའ་ཁྱབ་ཏུ་སྤེལ་བས་རྡོ་རྗེ་ཐེག་པའི་བསྟན་པ་ལ་བཀའ་དྲིན་མཚུངས་པམ