[A:༩༥] རྡོ་རྗེ་འཆང་ནམ་མཁའ་འཆི་མེད་ཀྱི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན?བསྙེན་ནས་མདོ་སྔགས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་གསན་ཞིང་། བསམ་བྱུང་གིས་སྒྲོ་འདོགས་བཅད། རིམ་གཉིས་ཟབ་མོའི་ཉམས་བཞེས་ལ་རྩེ་གཅིག་ཏུ་གཞོལ་བས་ངེས་འབྱུང་དང་སྙིང་རྗེ་ཆེན་པོ་རྩོལ་མེད་དུ་འཁྲུངས། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་གཟིགས་ནས་བཅོས་མིན་གྱི་མོས་གུས་མངའ་བ་སོགས་ནང་དུ་ཡང་དག་པའི་ཡོན་ཏན་བརྙེས། ཉམས་ལེན་དང་ཕྱག་ལེན་ཕྲ་རགས་ཐམས་ཅད་མཁན་ཆེན་བླ་མའི་ཕྱག་བཞེས་ཇི་ལྟ་བ་འཁྲུལ་མེད་དུ་སྐྱོང་། གཞན་ཡང་ཡོངས་འཛིན་དུ་མ་ལས་ཟབ་རྒྱས་ཀྱི་གདམས་པ་མཐའ་ཀླས་པ་གསན། དུས་རྒྱུན་དུའང་ཅིས་ཀྱང་དགོས་མེད་ཐུགས་ལ་མངའ་ཞིང་ཆོས་བརྒྱད་ཀྱི་སྣང་བ་ཐམས་ཅད་རྨི་ལམ་ལྟ་བུར་གཟིགས། ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཀྱང་ཆགས་སྡང་ཕྱོགས་ལྷུང་གི་རྟོག་པ་གཏན་ནས་མི་མངའ་བ་འདི་ཁོ་ནའང་ངོ་མཚར་བསམ་གྱིས་མི་ཁྱབ། རྡོ་རྗེ་འཆང་ནམ་མཁའ་འཆི་མེད་ཀྱིས་ཡེ་ཤེས་གཟིགས་པ་དམ་པས། ལུང་བསྟན་པ་བཞིན་ཀུན་མཁྱེན་གཉིས་པ་བཟང་པོའི་ཆོས་ཀྱི་ཁྲིར་ལོ་བདུན་དུ་བཞུགས་ནས་ཆོས་དང་ཟང་ཟིང་གི་དགའ་སྟོན་སྤེལ། འདུས་སྡེའི་བསྒྲིགས་ལམ་